[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བརྟན་ཐོག་རྒྱང་སྐྱོད་བྱས་ཏེ་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ།

    དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་བོད་ཀྱི་སློབ་གསོའི་བྱ་གཞག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-23

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་འགོ་ཁྲིད་བྱ་རྒྱུ་དེ་སློབ་གསོའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་སློབ་གསོར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་དོན་འཁྱོལ་ཏན་ཏིག་བྱེད་པ་དང“ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བ”དང་། “སྒྱུར་བཅོས་གསར་གཏོད”“དྲང་གཞག་ལ་སྐུལ་འདེད”“སྤུས་ཚད་མཐོར་གཏོང”བཅས་བརྡ་ཆད་གཙོ་བོ་རེ་རེ་བཞིན་གྱིས་འབད་འབུངས་མདུན་སྐྱོད་བྱེད་པ་དང་མི་དམངས་བློ་ཡིད་ཚིམ་པ། མི་ཚང་མར་འཇོན་ཐང་ངོམ་ས་ཡོད་པ་བཅས་ཀྱི་བོད་ཀྱི་སློབ་གསོའི་ངོ་མཚར་ཆེ་བའི་འཆར་འགོད་རེ་རེ་བཞིན་བཏིང་བ་རེད།

    ཀུན་སྤྱོད་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སློབ་མ་ཚོར་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རོགས་བྱས་པ།

    སློབ་གསོ་རྩ་བར་འཛིན་པ་དང་ཀུན་སྤྱོད་སྔོན་ལ་འཇོག་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་སློབ་གསོས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང“སུ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་བྱས་ཏེ་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་དེ་ཐག་གཅོད་ཧུར་ཐག་བྱས་ཏེ་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་བློ་བརྟན་འགྱུར་མེད་ངང་གསོ་སྐྱོང་བྱས་པ་རེད།

    ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ“བསམ་བློ་ཆབ་སྲིད་ཆེ་མོའི”ལས་ཀའི་མ་ལག་བསྐྲུན་ནས་དགེ་རྒན་ཚང་མས་ཀུན་སྤྱོད་སློབ་གསོའི་དགེ་རྒན་འཇོན་པ་དང་སློབ་ཚན་ཚང་མ་ནི་ཀུན་སྤྱོད་སློབ་གསོའི་སློབ་ཚན་ལ་འགྱུར་བ། དར་ཆ་གསལ་སྟོན་ངང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་རང་འགུལ་དབང་ཆ་དང་། འགོ་ཁྲིད་དབང་ཆ། དོ་དམ་དབང་ཆ་བཅས་སྟངས་འཛིན་ནན་པོ་བྱེད་པ། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱེད་པ། སློབ་གསོའི་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པས་རང་འགུལ་ངང་ཏང་ཀྲུང་དབྱང་ལ་མིག་ལྟོས་དང་ཏང་གི་སྲོག་ཤིང་ལ་མིག་ལྟོས་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་ནས“མི་ཇི་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་བྱས་ཏེ་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་དེ་ཐག་གཅོད་ཡག་པོ་བྱས་པ་རེད། ཆབ་སྲིད་ཐད་ཚད་ལོན་པ་བྱ་རྒྱུ་དེ་མི་སྐྱོང་གི་ཚད་གཞི་ཨང་དང་པོར་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས“བླ་སྲོག་སྐྲུན་པའི་འདུ་འགོད”ལག་བསྟར་ཤུགས་ཆེན་བྱེད་པ་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་དགེ་སློབ་ཀྱི་བསམ་བློར་དྲག་ཆས་སྤྲོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱེད་པ། རྒྱལ་གཅེས་རིང་ལུགས་དང་།  མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ཀྱི་སློབ་གསོ་རྒྱུན་སྲིང་ལྷོད་མེད་ངང་སྤེལ་བ། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་དང་བོད་གསར་རྙིང་བསྡུར་བའི་སློབ་གསོ། ཏང་གི་བཀའ་དྲིན་དྲན་པའི་སློབ་གསོ་བཅས་ལ་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱབ་ནས་སློབ་མའི་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བར་རོགས་རམ་བྱས་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ལ་རེ་སྒུག་བྱེད་པར་བསྟུན་ནས་བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་ཀྱིས་ནང་དོན་ཟབ་ཏུ་བཏང་ནས་སློབ་གསོའི་བྱ་གཞག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། གསར་གཏོད་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཕུགས་འདུན་གྱིས་དོན་དངོས་ལ་ལམ་སྟོན་བྱས་པ།

    ཞིང་འབྲོག་ཁུལ་དུ་ལོ་གཉིས་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་གསུམ་གྱི་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོའི་འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུ་བཅོལ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་རྒྱ་ཆེར་བཏང་ཡོད་པ་རེད།

    “གཞི་རྩའི་ཆ་གཉིས”ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་བཏང་ནས་སློབ་གསོའི་གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་80%ཡན་མཐོ་གྲང་དང་། ཐག་རིང་། དཀའ་ངལ་ཆེ་བ་བཅས་ས་ཁུལ་གྱི་གཞི་རིམ་སློབ་གྲྭ་འབྲིང་ཆུང་དུ་བཏང་ནས་སློབ་གྲྭའི་བཀོད་པ་ལེགས་སྒྲིག་དང་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།

    རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོར་གཏོང་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་ནས་སློབ་གསོ་པུའི《བོད་ཀྱི་རྨང་གཞིའི་སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོར་གཏོང་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“100%ལྔའི”དམིགས་ཚད་དེ་རྨང་གཞིའི་སློབ་གསོའི་སྤུས་ཚད་ལ་དམ་འཛིན་བྱེད་པའི་བྱེད་ཐབས་ནུས་ལྡན་དུ་བརྩིས་ཡོད།

    སྒྱུར་བཅོས་གསར་གཏོད་ཀྱི་བྱེད་ཐབས་རབ་དང་རིམ་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་སློབ་གསོའི་མི་སྣའི་མི་སེམས་འགུལ་བའི་གསར་གཏོད་ཀྱི་བྱ་བ་འབོར་ཆེན་ཞིག་ལས་མི་དམངས་ཀྱི་རེ་སྒུག་ལ་ལན་བཏབ་པ་དང་ཕུགས་འདུན་དེ་དངོས་ཡོད་དུ་འགྱུར་བར་བྱས་ཡོད།

    2018ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་2442དང་སློབ་ཁྲིད་ས་ཚིགས་164ཡོད་པའི་ནང་མཐོ་སློབ་དཀྱུས་མ་7དང་། འབྲིང་རིམ་ལས་རིགས་སློབ་གྲྭ་11 སློབ་འབྲིང་133 སློབ་ཆུང་809 དམིགས་བསལ་སློབ་གྲྭ་5 བུ་བཅོལ་ཁང་1477བཅས་ཡོད་པ་རེད། སློབ་ཞུགས་གོང་གི་ལོ་གསུམ་གྱི་ན་འདྲེས་བྱིས་པ་སློབ་ཞུགས་ཐུབ་ཚད་77.9%དང་། སློབ་ཆུང་དུ་སློབ་ཞུགས་ཐུབ་ཚད་99.5 % དམའ་རིམ་སློབ་འབྲིང་གི་ན་འདྲེས་སློབ་མ་སློབ་ཞུགས་ཐུབ་ཚད་99.5% མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་ཞུགས་ཐུབ་ཚད་82.3% མཐོ་རིམ་སློབ་གསོའི་ན་འདྲེས་སློབ་མ་སློབ་ཞུགས་ཐུབ་ཚད་39.2%བཅས་ཟིན་ཡོད་པ་རེད། ད་ཆ་ལྗོངས་ཡོངས་སུ་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་གི་སློབ་གསོ། མཐོ་རིམ་སློབ་གསོ། ལས་རིགས་སློབ་གསོ། དམིགས་བསལ་སློབ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་དེང་དུས་ཀྱི་མི་རིགས་སློབ་གསོའི་མ་ལག་ཆགས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་རེད།

    རྨང་གཞི་བརྟན་དུ་བཏང་ནས་ཕུལ་བྱུང་མི་སྣས་ཕུལ་བྱུང་གི་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱས་པ།

    སློབ་གསོའི་ཇུས་ཆེན་འདིང་བར་དགེ་རྒན་རྩ་བར་འཛིན་དགོས། དགེ་རྒན་གྱིས་ཤེས་བྱ་བརྒྱུད་སྤྲོད་དང་། བསམ་བློ་བརྒྱུད་སྤྲོད། བདེན་དོན་བརྒྱུད་སྤྲོད་བཅས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཡོད་ལ། བླ་སྲོག་བསྐྲུན་པ་དང་། ཚེ་སྲོག་གཏོད་པ། མི་སྣ་གསོ་སྐྱོང་བཅས་ཀྱི་དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་ཁུར་ཡོད་པས་སློབ་གསོ་འཕེལ་རྒྱས་གཏོང་བའི་ཐོན་ཁུངས་དང་པོ་དེ་རེད་ལ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡོང་བའི་རྨང་རྡོ་གལ་ཆེན་ཞིག་ཀྱང་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དེ་སློབ་གསོའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། བྱ་ཐབས་གསར་གཏོད་བྱས་ཏེ་དགེ་རྒན་གྱི་བླ་སྲོག་བསྐྲུན་པ་དང་། དགེ་རྒན་གྱི་འཇོན་ཐང་ཆེ་རུ་གཏོང་བ། དགེ་རྒན་གྱི་བྱ་གཞག་གཏོད་པ་བཅས་བྱས་པས་སྤྱོད་ཡོན་གཉིས་ལྡན་གྱི་དུས་རབས་གསར་པའི་དགེ་རྒན་གྱི་དཔུང་ཁག་ནུས་ཤུགས་ཡོད་རྒུས་བཏོད་ནས་དགེ་རྒན་ལས་རིགས་ཀྱི་ཡིད་དབང་འགུགས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཡུན་རིང་སློབ་གསོར་གཞོལ་བ་དང་ཚེ་གང་སློབ་ཁྲིད་བྱེད་པའི་རྒྱ་ཆེའི་དགེ་རྒན་གྱི་ཧུར་བརྩོན་རང་བཞིན་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ནས་དགེ་རྒན་གྱི་གྲངས་འབོར་དང་། གྲུབ་ཆ། འཇོན་ཐང་སོགས་ལ་འགྱུར་ལྡོག་མངོན་གསལ་བྱུང་ཡོད།

    དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཀུན་སྤྱོད་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་དགེ་རྒན་གྱིས་སློབ་ཁྲིད་ལ་གཞོལ་བའི་བྱ་སྤྱོད་ཚད་ལྡན་དུ་བཏང་བས་ལྗོངས་ཡོངས་སུ“རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་མིག་དཔེ”བུ་ཆུང་དང་། “ཀྲུང་གོར་སེམས་འགུལ་ཐེབས་པའི་ལོ་འཁོར་གྱི་མི་སྣ”སྐལ་བཟང་བདེ་སྐྱིད། “གྲོང་གསེབ་ཀྱི་དགེ་རྒན་ཡག་ཤོས”སུང་ཡུས་ཀང་བཅས་ཀྱིས་མཚོན་པའི་ཕུགས་བསམ་དང་དད་སེམས་ལྡན་པ་དང་། ཀུན་སྤྱོད་བཟང་བ། ཡོན་ཚད་མཐོ་བ། བྱམས་སེམས་ལྡན་པ་བཅས་ཀྱི་ཕུལ་བྱུང་དགེ་རྒན་གྱི་དཔེ་མཚོན་འབོར་ཆེན་ཞིག་ཐོན་པ་རེད།

    “དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་གྱིས་ཕུལ་བྱུང་གི་ཚོགས་སྤྱི་གཏོད་རྒྱུ”ནི་རང་ལྗོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་འགྲོ་བའི་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཞིག་རེད། རྒྱལ་ཁབ་ཀྱིས་གསོ་སྐྱོང་དང་། རང་སྐྱོང་ལྗོངས་ཀྱིས་གསོ་སྦྱོང་། རྒྱང་ཁྲིད་གསོ་སྦྱོང་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དཔུང་ཁག་གསོ་སྦྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་དང་སྐད་གཉིས་སློབ་ཁྲིད་འཇོན་ཐང་དང་སློབ་གསོའི་ལག་རྩལ་སྤྱོད་ནུས་བཅས་ཕྱོགས་ཡོངས་ནས་གོང་མཐོར་ཕྱིན་ཡོད་པ་རེད།

    དེ་དང་དུས་མཚུངས། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དགེ་རྒན་གྱི་རྒྱབ་སྐྱོར་འཆར་གཞི(2015ལོ་ནས་2020ལོ་བར)ལག་བསྟར་བྱ་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་ལས་དོན་སྐོར་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ་དེས་རང་ལྗོངས་སུ་བྱང་ཚད་མཐོ་བ་དང་། ལས་སྒོ་བྱང་ཆུབ་པ། ཀུན་སྤྱོད་ལེགས་པ་བཅས་ཀྱི་དགེ་རྒན་དཔུང་ཁག་འཛུགས་རྒྱུར་སྲིད་ཇུས་ཀྱི་འགན་ལེན་བྱས་ཡོད་ལ། རང་ལྗོངས་ཀྱི་སློབ་གསོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་དང་སློབ་གསོ་དེང་རབས་ཅན་མངོན་འགྱུར་ཡོང་རྒྱུར་ཡང་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།