[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “དུས་ཀྱི་འཕོ་འགྱུར་ཀློང་ནས། ཏང་གི་བཀའ་དྲིན་དྲན་བྱུང”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-07

    638658_yis_1562136937323.jpg

    འདི་ནི་ལས་རོགས་ཉེན་རྟོག་པས་ཆོས་བཟང་བསྐྱོར་ནས་དགོན་པའི་དཔེ་དེབ་ཁང་དུ་སྐྱོད་བཞིན་པ།

    མི་སྣའི་རྒྱབ་ལྗོངས། 

    མཚོ་ཆེན་རྫོང་སྨན་སྡོང་དགོན་གྱི་དགེ་འདུན་པ་ཆོས་བཟང་། སྐྱ་མིང་ལ་ཚེ་དཔག ཕོ། 1941ལོའི་ཟླ་7པར་སྐྱེས། རབ་ཏུ་མ་བྱུང་གོང་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་རྐྱང་ཧྲེང་ཤང་འབྲུག་ལུང་གྲོང་ཚོའི་མི་ཡིན། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་ཆོས་བཟང་ཁྱིམ་ལ་ནང་མི་3ཡོད་པ་ཚང་མ་མཚོ་ཆེན“སྨད་ཁ་ཚོ་པའི”དུད་ཆུང་ཡིན་པ་དང་། རྟག་ཏུ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོས་པའི་འཚོ་བ་སྐྱེལ་དགོས་འཁེལ། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁོང་ཁྱིམ་ལ་ར་ལུག་40དང་ནོར་2བགོ་བཤའ་ཐོབ་སྟེ་བཀྲེས་ལྟོགས་ཀྱིས་མནར་བའི་འཚོ་བ་མཇུག་འགྲིལ་བ་མ་ཟད། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཡོངས་སུ་མྱོང་ཚོར་ཐུབ། 1984ལོར་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་འོག་ཆོས་བཟང་མཚོ་ཆེན་རྫོང་སྨན་སྡོང་དགོན་གྱི་དགེ་འདུན་པ་བྱས།

    མངའ་རིས་ས་ཁུལ་གྱི་མཚོ་ཆེ་ཤོས་གནས་མཚོ་དྭངས་ར་གཡུ་མཚོའི་ངོགས་སུ་ཆགས་པའི་སྨན་སྡོང་དགོན་གྱི་ལྷ་ཁང་གཙོ་བོ་མཚོ་ཁར་ཕྱོགས་ནས་བཞེངས་ཡོད་པ་དང་། ལྷ་ཁང་མདུན་གྱི་སྐར་ལྔའི་དར་དམར་བསིལ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

    ལོ་78ལ་སླེབས་པའི་ཆོས་བཟང་ཉིན་ལྟར་དགོན་པར་སྐོར་བ་ཐེངས་འགའ་རྒྱག་པར་སྐྱོད་ཀྱི་ཡོད་པ་དང་། ལ་རྡོག་ཅིག་ནས་ཆོས་བཟང་གིས་དགོན་པར་ཕྱོགས་ཏེ། 2014ལོར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་100བཏང་ནས་དགོན་པའི་འདུ་ཁང་གཙོ་བོ་ཉམས་བཟོ་བྱས་པ་དང་། 2015ལོར་ཆུ་བེད་སྡེ་ཚན་གྱིས་མ་དངུལ་སྒོར་ཁྲི་36.7བཏང་ནས་ཁྲོན་པ་དྲུས་པ། 2016ལོར་སྲིད་གཞུང་གིས་དགོན་པའི་བདེ་སྡོད་གྲྭ་ཤག་བསྐྲུན་པ་སོགས་ཀྱི་སྐོར་གསར་འགོད་པར་བརྗོད་བྱུང་ལ། ཡང་ཁོང་གིས། མཁྲེགས་ཆས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། སྨན་སྡོང་དགོན་གྱི་དགེ་འདུན་པར་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འཚོ་བའི་འགན་སྲུང་སོགས་ལོངས་སུ་སྤྱོད་ཐུབ་ནས། ཚང་མའི་སྒོམ་སྒྲུབ་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད་ཅེས་བརྗོད།

    “ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོས་དགེ་འདུན་པའི་ཐོས་བསམ་དང་འཚོ་བ་སོགས་ཕྱོགས་གང་ཅིར་ཆ་རྐྱེན་བཟང་པོ་བཏོད་དེ། ང་ཚོའི་སེམས་ཁྲལ་ཡོངས་སུ་བསལ་སོང་བས། སྙིང་དབུས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བྱུང”ཞེས་དང་། ཡང་ཆོས་བཟང་གིས། རང་ཉིད་རབ་ཏུ་བྱུང་ནས་བགྲང་བྱ་35འདས་སོང་བ་དང་། ད་ཆ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཡོད་པ་ཚང་མ་ཏང་གི་ཡང་དག་པའི་འགོ་ཁྲིད་ལས་བྱུང་ཞེས་བརྗོད། བོད་རྙིང་པར་དགོན་སྡེའི་གོང་རིམ་དགེ་འདུན་པ་མངའ་བདག་ཆེན་པོ་གསུམ་གྱི་གྲས་ཡིན་མོད། འོན་ཀྱང་དགོན་པའི་འོག་རིམ་དགེ་འདུན་པ་ཚང་མ་བཤུ་གཞོག་བཏང་ཡུལ་ཡིན་པས། ཁོང་ཚོའི་འཚོ་བའི་གནས་བབ་ཉམ་ཐག་པའི་ཚད་གཞི་དང་ཞིང་བྲན་དབར་ཧེ་བག་ཧ་ལམ་མེད་པར། ཐ་ན་དགེ་འདུན་པ་མང་ཆེ་བ་ཞིང་བྲན་གྱི་རྗེས་རབས་པ་ཡིན་པས། ལྟོ་གོས་ཀྱི་སླད་དུ་དགོན་པའི་སྡེ་ལ་ཞུགས་དགོས་འཁེལ་བ་དང་། ཉིན་ལྟར་དགོན་པའི་ཆུ་ལེན་པ་དང་། ལྕི་བ་སྒྲུག་པ། མེ་གཏོང་བ་སོགས་ལྗིད་རྫོབ་ཆེ་བའི་ངལ་རྩོལ་བྱེད་དགོས་པ་མ་ཟད། གྲྭ་ཤག་གོག་ཧྲུལ་དང་། བཞུ་རྫས་དཀོན་པ། ཆོས་ཕྱོགས་ལ་ཐོས་བསམ་བྱེད་པའི་ཆ་རྐྱེན་ཞན་ལ་དུས་ཚོད་ཀྱང་ཧ་ཅང་དཀོན་པོ་ཡོད་པའི་སྐོར་དེ་སྔ་ཆོས་བཟང་ལ་དགོན་པའི་དགེ་འདུན་པ་རྒན་གྲས་ཀྱི་ས་ནས་གོ་ཐོས་བྱུང་ཡོད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་ཆོས་བཟང་དང་ཕ་མ་གཉིས་བཅས་ཁོང་ཚོ་ནང་མི་གསུམ་པོ་མཚོ་ཆེན་རྫོང་སྨད་ཁ་ཚོ་པའི་དུད་ཆུང་ཡིན་པ་དང་། ཁྱིམ་ལ་ཕྱུགས་རིགས་གཅིག་ཀྱང་མེད། ལྟོ་གོས་ཀྱི་སླད་དུ་ཕ་མ་གཉིས་པོ་གང་སར་སློང་མོར་སོང་ནས་དཀའ་སྡུག་ཚད་མེད་མྱངས། ཆོས་བཟང་ཧ་ཉིད་གོ་བ་ནས་བཟུང་ཚོ་པའི་འགོ་གཙོའི་ཁྱིམ་དུ་ཕྱུགས་འཚོ་བ་དང་བལ་འབྲེག་པར་བསྐྱལ། “སྔ་དྲོ་ཟ་རྒྱུ་ཡོད་ཀྱང་ཕྱི་དྲོ་ཟ་རྒྱུ་མེད་པར”ཆོས་བཟང་གི་དྲན་པའི་ཡོལ་བའི་ངོས་སུ་ཁོང་ལ་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་བྱུང་བ་བརྗོད་རྒྱུ་མེད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སུ་ཁོང་གི་ཁྱིམ་ལ་ར་ལུག་40དང་ནོར་གནག་2བགོ་བཤའ་ཐོབ་ནས་བཀྲེས་ལྟོགས་ཀྱིས་མནར་བའི་འཚོ་བ་སྐྱེལ་མཇུག་འགྲིལ་ཏེ། འཚོ་བའི་འཁོས་ཀ་རིམ་བཞིན་ཇེ་ལེགས་སུ་སོང་བ་ཆོས་བཟང་ལ་གསལ་པོ་བརྗོད་རྒྱུ་ཡོད་པ་མ་ཟད། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་མྱོང་ཚོར་གཏིང་ཟབ་བྱུང་ཡོད།

    སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་སུ་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ལོངས་སུ་སྤྱད་ནས། སྨན་སྡོང་དགོན་གྱི་དགེ་འདུན་སྡེ་ལ་ཞུགས་པ་དང་དུས་མཚུངས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག བོད་ཞི་མཐུན་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་བྱུང་ཞེས་ཆོས་བཟང་གིས་བརྗོད།

    “གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་ཡོང་ཐབས་མེད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའང་ཡོང་ཐབས་མེད་པ་ངའི་མི་ཚེའི་མྱོང་བ་ལས་གསལ་པོར་མཐོང་ཐུབ་པས། ང་ཚོས་མིག་མདུན་གྱི་འཚོ་བར་གཅེས་སྤྲས་ཀྱིས་ཏང་ལ་དྲིན་ལན་འཇལ་དགོས”ཞེས་ཆོས་བཟང་གིས་བརྗོད།

    ན་ནིང་ཚུན་དུ་སྨན་སྡོང་དགོན་དགོན་སྡེ་དོ་དམ་ཨུ་ལྷན་གྱིས《རྩ་ཁྲིམས》སློབ་སྦྱོང་ལག་བསྟར་བྱེད་སྒོ་དང་། 《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱེད་སྒོ “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་བཅས་སྤེལ་བ་རེད། ཆོས་བཟང་བྱེད་སྒོ་ཁག་ལ་ཧུར་ཐག་ཞུགས་ནས་རྒྱུན་དུ་དགོན་པའི་དཔེ་དེབ་ཁང་དུ་ཏང་གི་སྲིད་ཇུས་དང་ཁྲིམས་སྲོལ་ཁག་ཀློག་པ་དང་ལོ་རྒྱུས་དང་རིག་གནས་ཤེས་བྱ་སྦྱོང་བ་སོགས་བྱེད་ཀྱི་ཡོད། “མ་གཞི་གྲུབ་མཐའ་ཁག་དབར་གྱི་བསྟན་དོན་ལ་ཁྱད་པར་ཡོད་མོད། འོན་ཀྱང‘རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤངས་དགེ་སྒྲུབ། ཞི་མཐུན་ལ་མཐོང་ཆེན། ཞི་བདེར་སྨོན་པ’བཅས་ནི་གྲུབ་མཐའ་ཁག་ཚང་མའི་བསྟན་དོན་དུ་ཡོད་ངེས་པའི་འདོད་ཚུལ་རེད”ཅེས་ཆོས་བཟང་གིས་བརྗོད། ཡང་ཁོང་གིས། དགེ་འདུན་པ་ཞིག་གི་ཆ་ནས། རང་ཉིད་ཀྱིས་ངེས་པར་དུ་སྒྲུབ་དགོས་པའི་སྤྱི་དམངས་ཀྱི་འོས་འགན་དང་། འཁུར་དགོས་པའི་སྤྱི་ཚོགས་ཀྱི་འགན་འཁྲི་དང་ལས་འགན་གསལ་པོར་ཤེས་པའི་རྨང་གཞིའི་ཐོག་ཀུན་གྱི་སྣེ་ཁྲིད་དེ་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བའི་སྔོན་འགྲོའི་འོག་མཆོད་འབུལ་བྱེད་སྒོ་སྤེལ་ནས། གྲྭ་བཙུན་རྗེས་རབས་པ་ཚོར་སློབ་སྦྱོང་ཡག་པོ་བྱས་ནས་དྲང་ལམ་དུ་སྐྱོད་པའི་བློ་སྒོ་ཕྱེ་བ་དང་ཁྲིད་སྟོན་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ལ་མཐའ་གཅིག་ཏུ་བརྩི་སྲུང་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་ཁ་ཕྲལ་སིམ་འཛུལ་གཏོར་བཤིག་བཅས་ཀྱི་བྱེད་སྒོ་མཐའ་དག་དང་མཐའ་གཅིག་ཏུ་འཐབ་རྩོད་བཅས་བྱས་ནས། དུས་རབས་གསར་པའི་སྤྱི་དམངས་ཡག་པོ་དང་ཀུན་གྱིས་བཀུར་འོས་པའི་ཆོས་ལུགས་མི་སྣ་ཞིག་བྱེད་ཀྱི་ཡིན་ཞེས་བརྗོད།

    ཆོས་བཟང་གིས། ལོ་ཟླའི་འགྱུར་ལྡོག་མང་པོ་བརྒྱུད་མཐར་ངས་ཏང་གི་བཀའ་དྲིན་སྔར་བས་ཚོར་གྱི་འདུག དགེ་འདུན་པ་ཞིག་གི་ཆ་ནས། ངས་སྒོམ་སྒྲུབ་ཡག་པོ་བྱས་ནས་ཡོན་ཏན་ལ་བརྟེན་ནས་ཀུན་གྱིས་ཁས་ལེན་པ་དང་ཀུན་སྤྱོད་ལ་བརྟེན་ནས་གཞན་ལ་སློབ་གསོ་གཏོང་གི་ཡིན། བསྟན་དོན་ལ་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཡར་ཐོན་དང་འཚམ་པར་འགྲེལ་བཤད་བརྒྱབ་ནས། དད་ལྡན་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་མཐའ་དག་ཐོན་སྐྱེད་འཕེལ་རྒྱས་དང་། སློབ་གསོ་འཕེལ་རྒྱས། ལས་བརྩོན་ཕྱུག་འགྱུར། འཚོ་བའི་ཆུ་ཚད་མཐོར་གཏོང་། དེ་བཞིན་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡང་དག་པའི་ལམ་དུ་སྣེ་ཁྲིད་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན་ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།