[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འཇུ་བྲོ་འཁྲབ་པའི་ལོ་60

    རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འཇུ་བྲོའི་རྒྱུན་འཛིན་པའི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-15

    ཚོན་མདོག་རྣམ་པར་བཀྲ་བའི་འཇུ་བྲོའི་འཁྲབ་ཆས་གྱོན་ཞིང་། སྐེད་པར་བཏགས་པའི་རྔའི་སྒྲ་ལྷང་ལྷང་དུ་གྲགས། དུང་ལྟར་དཀར་བའི་དབུ་སྐྲའི་ལན་བུ་རྔ་སྒྲ་དང་བསྟུན་ནས་ཡང་ཡང་གཡུག་གཡུག་བྱེད། ཉི་མ་དབང་ཕྱུག་འདི་ལོ་ལོ་78ལ་སླེབས་རུང་། འཇུ་བྲོའི་འཁྲབ་རྩལ་ན་གཞོན་དང་གཉིས་སུ་མ་མཆིས།

    ཉི་མ་དབང་ཕྱུག་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་འཇུ་གྲོང་ཚོའི་ཚོགས་ཆུང་གཉིས་པ་ནས་ཡིན་པ་དང་འཇུ་བྲོ་འཁྲབ་ནས་ལོ་60འགྲོ་གི་ཡོད།

    2014ལོར་འཇུ་བྲོ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པ་དང་། 2018ལོར་ཉི་མ་དབང་ཕྱུག་འཇུ་བྲོའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པར་བདམས་ཤིང་། ཁོང་གིས་1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ངའི་ནང་མི་ཚང་མ་འཕྱོངས་རྒྱས་རྫོང་གི་གཞིས་ཀ་ཞིག་གི་ཞིང་བྲན་རེད། རྒྱུན་དུ་སྐུ་དྲག་ཚོའི་ཕྱུགས་འཚོ་བ་དང་ཞིང་འདེབས་པ་ཕུད་ད་དུང་སྐུ་དྲག་ཚོ་སྤྲོ་སྐྱིད་གཏོང་སྐབས་འཇུ་བྲོ་འཁྲབ་པའི་ཁྲལ་རྒྱུག་དགོས་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    “ཞང་པོ་དང་པཱ་ལགས་ཀྱིས་ང་ལ་འཇུ་བྲོ་བསླབས་བྱུང་། འཇུ་བྲོ་འཁྲབ་ནས་ལོ་60ལྷག་ཙམ་ཕྱིན་སོང་། སྤྱི་ཚོགས་རྙིང་པར་དགོན་པར་བྱེད་སྒོ་ཆེ་གྲས་སྤེལ་སྐབས་སྐུ་ངོ་ཡིས་འཇུ་བྲོའི་རུ་ཁག་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་ནས་རི་སྟེང་དུ་ཆགས་པའི་དགོན་པའི་བར་འཁྲབ་ཏུ་བཅུག་པ་དང་། སླར་ཡང་དགོན་པ་ནས་གྲོང་ཚོའི་ནང་དུ་འཁྲབ་ཀྱིན་འགྲོ་རུ་འཇུག་གི་ཡོད། ཡར་མར་སྤྱི་ལེ་ཁ་ཤས་རྒྱུག་དགོས་པས་དཀའ་ལས་ཁག་ནས་དབུགས་ཆད་གྲབས་བྱེད་ཀྱི་འདུག འཇུ་བྲོ་འཁྲབ་པར་སྐྲ་རིང་པོ་འཇོག་དགོས་པ་དང་། ཁྲལ་ལས་གཡོལ་ཆེད་ཚང་མས་ལྐོག་ཏུ་སྐྲ་བྲེགས་ཀྱང་། ཕན་ཐོགས་གང་ཡང་མེད། ཁྲལ་ལས་གཡོལ་མི་ཐུབ་པའི་ཁར། ད་དུང་ཉེས་རྡུང་དྲག་པོ་ཕོག་གི་ཡོད”ཅེས་བཤད་བྱུང་།

    “བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་འཁྲབ་སྟོན་རུ་ཁག་རིམ་གྱིས་ཁ་ཐོར་བ་རེད། ངས་འཁྲབ་སྟོན་ཡག་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་རྫོང་རིག་རྩལ་དྲིལ་བསྒྲགས་རུ་ཁག་ལ་བསྡུས་བྱུང་། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ངས་འཇུ་བྲོ་འཁྲབ་ནས་གང་སར་ཡོང་འབབ་གསོག་པར་བསྐྱོད་པ་དང་རྒྱ་ཚར་ཁྱིམ་ཚང་བཟུང་བ་ཡིན”ཞེས་བགྲེས་སོང་ཉི་མ་དབང་ཕྱུག་གིས་བརྗོད་པ་དང་། འཇུ་བྲོ་འཁྲབ་ནས་ཡོང་འབབ་བསགས་པར་ཉི་མ་དབང་ཕྱུག་གིས་སྤོབས་པ་ཆེན་པོ་བྱེད་ཀྱི་འདུག

    “རྒྱལ་ཁབ་ཀྱིས་དམངས་ཁྲོད་སྒྱུ་རྩལ་འཕེལ་རྒྱས་ལ་མཐོང་ཆེན་གནང་གི་ཡོད་པས་འཇུ་བྲོར་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་མཐོངས་ཤིག་བྱུང་ཡོད། མིག་སྔར་ངས་སློབ་མ་80གསོ་སྐྱོང་བྱས་ཡོད། ཁོ་ཚོ་ཁྲིད་ནས་སྔ་རྗེས་སུ་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་མང་པོར་འཁྲབ་སྟོན་བྱེད་པར་བསྐྱོད་པ་ཡིན། 2011ལོར་འཇུ་བྲོ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དང་དང་པོ་བཅོ་ལྔའི་དུས་ཆེན་གྱི་དགོང་ཚོགས་ལ་འཁྲབ་སྟོན་བྱས་པ་དང་། ཕྱིས་སུ་ཤང་ཀང་དང་ཐའེ་དབན་སོགས་སུ་འཁྲབ་སྟོན་བྱེད་པར་བསྐྱོད་པ་ཡིན། ད་ལྟ་འཇུ་བྲོའི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད”ཅེས་ཉི་མ་དབང་ཕྱུག་གིས་གསར་འགོད་པར་བཤད་བྱུང་།

    ཉི་མ་དབང་ཕྱུག་གིས“ཏང་དང་སྲིད་གཞུང་གི་མཐོང་ཆེན་འོག་འཇུ་བྲོར་གཏན་འཇགས་ཀྱི་ཁྲིད་སྦྱོང་བྱེད་གནས་ཡོད་ལ་ད་དུང་འགྲོ་སོང་གི་འགན་ལེན་ཡོད། འཇུ་བྲོ་སྦྱོང་མཁན་དེ་བས་མང་དུ་འགྲོ་བཞིན་ཡོད་ལ་འཇུ་བྲོ་འཁྲབ་ནས་ཡོང་འབབ་གསོག་མཁན་ཡང་དེ་བས་མང་དུ་འགྲོ་བཞིན་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    འདི་ལོ་ལོ་15ལ་སོན་པའི་ཚེ་རིང་དོན་གྲུབ་ནི་ཉི་མ་དབང་ཕྱུག་གི་ཚ་བོ་ཡིན་པ་དང་འཕྱོངས་རྒྱས་རྫོང་སློབ་འབྲིང་འགྲིམས་བཞིན་ཡོད་ཅིང་། ཁོ་པས“ད་ལྟ་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས། སློབ་གྲོགས་མང་པོ་ཞིག་གིས་འཇུ་བྲོ་འཁྲབ་ཤེས་པ་མ་ཟད། ད་དུང་སློབ་གྲྭར་འཇུ་བྲོའི་འཁྲབ་སྟོན་རུ་ཁག་ཀྱང་བཙུགས་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    འཇུ་བྲོ་སྦྱོང་མཁན་ཇེ་མང་དུ་ཕྱིན་པས་ཉི་མ་དབང་ཕྱུག་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས“སྔོན་ཆད་འཇུ་བྲོ་འཁྲབ་པ་ནི་སྡུག་ལས་ཤིག་རེད། ད་ཆ་འཇུ་བྲོ་འཁྲབ་ནས་ཡོང་འབབ་གསོག་ཐུབ་པ་མ་ཟད། ད་དུང་ཚང་མའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་འགྲོ་གི་འདུག་པས་དངོས་གནས་ཡག་པོ་འདུག”ཅེས་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།