[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་རིང་གཞིས་རྩེ་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག“གཞི་རྩའི་མཁོ་སྤྲོད་དྲང་སྙོམས”བརྩོན་ལེན་བྱེད་པ་ནས“སྤུས་ལེགས་དོ་སྙོམས”ཀྱི་ཕྱོགས་སུ་བསྒྱུར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    ཉེ་ཆར། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་རིང་གཞིས་རྩེའི་སློབ་གསོའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བཞིན་ཡོད།

    སློབ་གསོའི་བྱ་གཞག“གཞི་རྩའི་མཁོ་སྤྲོད་དྲང་སྙོམས”བརྩོན་ལེན་བྱེད་པ་ནས“སྤུས་ལེགས་དོ་སྙོམས”ཀྱི་ཕྱོགས་སུ་བསྒྱུར་བ། རྫོང(ཆུས)18ཀྱིས་ལོ་དགུའི་འོས་འགན་སློབ་གསོའི་ཁྱབ་གདལ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། རྫོང(ཆུས)15ཡི་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ལ་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་ཡོད། ན་ནིང་གི་ལོ་མཇུག་བར་གྲོང་ཁྱེར་ཡོངས་སུ་སྐད་གཉིས་བུ་བཅོལ་ཁང་329ཡོད་པ་དང་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བྱིས་པ་སློབ་ཞུགས་བྱེད་ཚད་70.05%ཟིན་པ། སློབ་ཆུང་224ཡོད་པ་དང་སློབ་ཆུང་གི་སློབ་ཞུགས་བྱེད་ཚད་99.85%ཟིན་པ། དམའ་རིམ་སློབ་འབྲིང་23ཡོད་པ་དང་དམའ་རིམ་སློབ་འབྲིང་གི་ན་འདྲེས་སློབ་ཞུགས་བྱེད་ཚད་99.9%ཟིན་ཡོད། མཐོ་འབྲིང་དཀྱུས་མ་7དང་། ལོ་12ཀྱི་མཐར་ཕྱིན་ལམ་ལུགས་ཀྱི་སློབ་གྲྭ་1 འབྲིང་རིམ་ལས་རིགས་སློབ་གྲྭ་2 མཐོ་འབྲིང་དཀྱུས་མར་འགྲོ་མུས་ཀྱི་སློབ་མ་12984 མཐོ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་67.5%ཟིན་པ་བཅས་དང་། དམངས་བཙུགས་སློབ་གྲྭ་2དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་700ཡོད་པ། 2010ལོར་གཞིས་རྩེ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་བཙུགས་པ་དེས་གཞིས་རྩེ་གྲོང་ཁྱེར་ལ་དམིགས་བསལ་སློབ་གསོའི་སློབ་གྲྭ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། མིག་སྔར་གཞིས་རྩེ་གྲོང་ཁྱེར་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། མཐོ་འབྲིང་སློབ་གསོ། ལས་རིགས་སློབ་གསོ། དམིཌ་བསལ་སློབ་གསོ། དམངས་བཙུགས་སློབ་གསོ་བཅས་ཁྱབ་པའི་དེང་རབས་ཅན་གྱི་སློབ་གསོའི་མ་ལག་རགས་ཙམ་གྲུབ་ཡོད། གཞན་ཡང་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། གཞིས་རྩེར་ཁྱོན་དགེ་རྒན་28ཡོད་པ་དང་ན་ནིང་གི་ལོ་མཇུག་བར་གཞིས་རྩེ་གྲོང་ཁྱེར་ལ་ལས་ཐོག་དགེ་རྒན་དང་ལས་བཟོ་བ་10901ཡོད་པས་སློབ་གསོའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བཞིན་ཡོད།

    སློབ་གསོའི་སློབ་གཉེར་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། གཞིས་རྩེ་གྲོང་ཁྱེར་གྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་བྱས་ཏེ་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་ནས་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་ཡོད། 1979ལོར་གཞིས་རྩེ་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་གྲོན་དངུལ་སྒོར་ཁྲི་240ལྷག་ཙམ་ལས་མེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་གཞིས་རྩེ་གྲོང་ཁྱེར་ཡོངས་ལ་རིམ་རྩིས་ལྟར་ན་སློབ་གསོའི་རྣམ་གྲངས་གལ་ཆེན་1734རག་པ་དང་མ་དངུལ་གཏོང་ཤུགས་སྒོར་དུང་ཕྱུར་50.75ཟིན་ཡོད། ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ་སློབ་གསོ་དྲང་སྙོམས་ལ་སྐུལ་འདེད་བཏང་ཞིང“ཤར་གཏོང་གསུམ་དང་ལས་སྟེགས་གཉིས”ཀྱི་གཙོ་གནད་ལ་དམ་པོར་དམིགས་ཏེ“དྲ་སྦྲེལ་+སློབ་གསོའི”འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་སློབ་གསོའི་ཆ་འཕྲིན་ཅན་གྱི་2.0ཡི་བྱ་སྤྱོད་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་དགེ་རྒན་གྱི་དྲ་རྒྱའི་སློབ་སྦྱོང་བར་མཐོངས་ཤར་གཏོང་བྱེད་ཚད་70%ཟིན་པ་དང་། སློབ་མའི་དྲ་རྒྱའི་སློབ་སྦྱོང་བར་མཐོངས་ཤར་གཏོང་བྱེད་ཚད་42.4%ཟིན་པ། འཛིན་གྲྭ་ཡོངས་ལ་སྤུས་ལེགས་ཐོན་ཁུངས་ཤར་གཏོང་བྱེད་ཚད་95%ཟིན་པ། སློབ་གྲྭ་ཡོངས་ལ་དྲ་ཆེན་དྲ་རྒྱ་ཤར་གཏོང་ཐུབ་ཚད་98%ཟིན་ནས“སློབ་ཚན་ཐོག་སྤྱོད་པ་དང་། ཡོངས་ཁྱབ་ངང་སྤྱོད་པ། རྒྱུན་དུ་སྤྱོད་པ་བཅས”ཀྱི་ཆ་འཕྲིན་ཅན་གྱི་སློབ་ཁྲིད་རྒྱུན་རྣམ་ཉེར་སྤྱོད་ཀྱི་རྣམ་པ་རཌ་ཙམ་ཆག་ཡོད།

    ཏང་ཀྲུང་དབྱང་གི་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་གཏིང་ཟབ་བྱས་པ། “འགན་ལེན་གསུམ”གྱི་སྲིད་ཇུས་དང་འཚོ་བཅུད་ལེགས་གཏོང་འཆར་གཞིས་རྒྱ་ཆེའི་ཞིང་འབྲོག་པའི་བུ་ཕྲུག་ལ་ཕན་པ་ཐོབ་ཡོད། 1985ལོར་རྒྱལ་ཁབ་ཀྱིས་བོད་དུ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་གི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་ནས་སྔ་རྗེས་སུ“འགན་ལེན་གསུམ”གྱི་སྲིད་ཇུས་ཚད་གཞི་མཐོ་རུ་དང་ཁྱབ་ཁྱོན་ཆེ་རུ་ཐེངས་18བཏང་ཞིང་། ན་ནིང་གཞིས་རྩེས་སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་སྒོར་དུང་ཕྱུར་4.8ལྷག་ཙམ་དོན་འཁྱོལ་བྱས་པ་དང་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་མ་དངུལ་སྒོར་ཁྲི་7871.68ཟིན་པ། སྲིད་ཇུས་དང་མ་དངུལ་ཁྱབ་ཚད་གཉིས་ཀ་100%ཟིན་ཡོད། དེ་དང་དུས་མཚུངས་སློབ་ཞུགས་གོང་གི་སློབ་གསོ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ། མཐོ་རིམ་དུས་མཚུངས་ཀྱི་ལོ་15ཡི་གྲོན་དངུལ་མི་དགོས་པའི་སློབ་གསོ་བཅས་མངོན་འགྱུར་བྱུང་ཡོད། སློབ་གསོའི་རོགས་སྐྱོར་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། ལོ་60ཡི་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་རོགས་སྐྱོར་སྲིད་ཇུས་40ལྷག་ཙམ་བཏོན་ནས་སློབ་མའི་རོགས་སྐྱོར་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།