[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སློབ་གྲྭ་ཆེ་མོ་བ་ཚེ་རིང་བསམ་གྲུབ་ཀྱིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    “ང་ཚོས་བཏབ་པའི་སྐྱེ་ལྡན་སྔོ་ཚལ་རྣམས་གཟུགས་པོར་མི་གནོད་པ་དང་། སྤྱི་གནོད་མེད་པ། བྲོ་བ་ཞིམ་པོ་ཡོད”ཅེས་ཟླ་7ཚེས་2ཉིན་གསར་འགོད་པ་ཤག་བྱང་ཤང་སྔོ་ཚལ་དྲོད་ཁང་ཆེ་མོའི་རྟེན་གཞིར་བསྐྱོད་སྐབས་ཀྲོ་མ་ཀྲུ་ཆུང་ངུ་ལོ་མའི་གསེབ་ནས་དམར་ཐིང་ངེར་མངོན་པ་དང་། ཧོང་ཀྭ་ལ་མེ་ཏོག་བཞད་དེ་འབྲས་བུ་བཏགས་ནས་ཡོད་པ། ལ་ཕུག་དཀར་པོའི་མཆེ་བ་ཡང་ཐོན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་བཞིན་འདུག ང་ཚོ་ལྟ་སྐོར་ལ་ཁྲིད་མཁན་ཚེ་རིང་བསམ་གྲུབ་ཀྱིས“སྔོ་ཚལ་དྲོད་ཁང་ནང་དྲོད་ཚད་མཐོ་དྲགས་རྒྱུ་མེད། རླུང་འགྲོ་ཡག་པོ་དགོས། དེ་འདྲ་བྱུང་ན་སྔོ་ཚལ་ཞིམ་པོ་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    ཚེ་རིང་བསམ་གྲུབ་ནི་ཆུ་གསུམ་རྫོང་ཤག་བྱང་ཤང་སྐྱ་བ་གྲོང་ཚོའི་གྲོང་མི་ཡིན་ལ། ཆུ་གསུམ་རྫོང་གི་སློབ་གྲྭ་ཆེ་མོ་བ་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཐུབ་མཁན་ཐོག་མ་དེ་རེད། ཁོང་ནི་བློ་བག་ཡངས་ལ་སེམས་རྩ་འཁོལ་བའི་མི་ཞིག་རེད་འདུག

    2016ལོར་ལོ་19ལ་སླེབས་པའི་ཚེ་རིང་བསམ་གྲུབ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་རྒྱུགས་འཕྲོད་རྗེས་ཞིང་ནགས་ཆེད་ལས་བདམས་པ་རེད། ལོ་གསུམ་རིང་སློབ་སྦྱོང་ལ་སྦྱངས་པ་མཐར་ཕྱིན་བྱས་པས་ཁོང་ལ་ཕ་ཡུལ་དུ་ལོག་ནས་རེ་བའི་ཞིང་ས་གཤིན་པོར་རང་ཉིད་ཀྱི་ལས་གཏོད་ཕུགས་འདུན་འགྲུབ་པའི་བསམ་བློ་འཁོར།

    ཁོང་སློབ་མཐར་ཕྱིན་རྗེས་གཞུང་ལས་པའི་ཡིག་རྒྱུགས་མ་བཏང་བར་ཕ་ཡུལ་དུ་ལོག་ནས་ཚལ་འདེབས་ཞིང་པ་བྱེད་རྒྱུའི་སྐོར་གླེང་སྐབས་དགའ་ཉེ་སྤུན་མཆེད་ཚོས་བསམ་ཤེས་མཐོངས་མེད་ལ། ཕ་མས་ཀྱང་མོས་མཐུན་གཏན་ནས་བྱས་མེད།

    མཐར་ཕས་བསམ་ཤེས་མ་མཐོངས་ཀྱང་ཚེ་རིང་བསམ་གྲུབ་ཀྱིས་རང་གིས་སེམས་ཐག་བཅད་པའི་བྱ་བ་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་འགོ་བརྩམས། འདི་ལོའི་ཟླ་གསུམ་པར་སློབ་མཐར་ཕྱིན་མེད་པའི་ཚེ་རིང་བསམ་གྲུབ་ཀྱིས་ངང་སྒུག་བྱེད་ལོང་མེད་པར་ཕ་ཡུལ་དུ་ལོག་པ་དང་། རང་ཉིད་ཀྱི་ཆེད་ལས་ཤེས་བྱར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་ཡང་ཡང་བྱས་རྗེས། སྐྱེ་ལྡན་སྔོ་ཚལ་འདེབས་རྒྱུ་ནི་ཕྱུག་འགྱུར་ཐབས་ལམ་ཡིན་པའི་ངོས་བཟུང་། ཁ་བཤད་བྱ་བ་འཕྲལ་དུ་རྩོམ། བརྩམས་པའི་ལས་ལ་འབྲས་བུ་སྨིན། ཚེ་རིང་བསམ་གྲུབ་ཀྱིས་རང་ཉིད་ཀྱིས་སྦྱངས་བའི་ཆེད་ལས་ནི་ཞིང་ནགས་ཡིན་པས། སྔོ་ཚལ་འདེབས་རྒྱུ་ནི་ལས་སླ་པོ་ཡིན་པའི་ངོས་འཛིན་བྱས།

    འོན་ཏེ་དངོས་ཡོད་ནི་ཁོ་པས་བསམ་པ་བཞིན་ལས་སླ་བ་ཞིག་ག་ལ་ཡོད། ལས་གཏོད་ལམ་བུ་ཚང་མར་བྱ་བ་ལམ་འགྲོ་ཡོང་བའི་ངེས་པ་མ་མཆིས། ཐོག་མར་སྔོ་ཚལ་དྲོད་ཁང་ཆེ་མོར་ལག་རྩལ་ཐད་དཀའ་གནད་མང་པོ་ཞིག་ཕྲད་དེ་ཁོ་པ་ག་བྱེད་འདི་བྱེད་མེད་པར་གྱུར། སྟབས་ལེགས་པ་ཞིག་ལ་རྒན་ལགས་དང་སློབ་གྲོགས་ཚོའི་རོགས་རམ་ཡོད་པས། ཁོ་པས་དོགས་པ་ཡོད་ན་སྐད་ཆ་འདྲི་བ་དང་མ་ཤེས་པའི་ཆ་ཡོད་ན་སློབ་སྦྱོང་བྱེད་ཀྱི་ཡོད། ཉིན་མོ་དྲོད་ཁང་ཆེ་མོར་གཡོག་བྱེད་བྱེད་པ་དང་། མཚན་མོ་དྲ་ཐོག་ནས་སྔོན་ཐོན་དོ་དམ་ལག་རྩལ་སྦྱོང་བ། བཟའ་སྡོད་ཚང་མ་སྔོ་ཚལ་དྲོད་ཁང་དུ་བྱེད་ཀྱི་ཡོད། ཟླ་ཁ་ཤས་རིང་འཚོལ་ཞིབ་དང་ལག་ལེན་བསྟར་བ་བརྒྱུད་རིམ་བཞིན་གྲུབ་འབྲས་འཐོབ་འགོ་ཚུགས།

    ད་ཆ་ཚེ་རིང་བསམ་གྲུབ་ཉིན་ལྟར་ལས་བྲེལ་ཆེན་པོ་ཡོད། འོན་ཀྱང་ཁོ་པར་དཀའ་ལས་ཁག་པའི་ཚོར་སྣང་གཏན་ནས་ཡོང་མྱོང་མེད། ཁོང་གིས“ཉིན་གཅིག་དྲོད་ཁང་དུ་ལས་ཀ་མ་བྱས་ན་བློ་བདེ་པོ་གཏན་ནས་མི་འདུག སྔོ་ཚལ་ཚང་མ་སྐྱེ་འཚར་ཡག་པོ་ཡོད་པ་མཐོང་སྐབས་སྤྲོ་སྣང་ཆེན་པོ་དང་བློ་ཡིད་ཚིམ་པོ་འདུག”ཅེས་བཤད།

    ཤ་མོའི་དྲོད་ཁང་ཆེ་མོར་ཚེ་རིང་བསམ་གྲུབ་ཀྱིས་འཛུམ་དམུལ་དམུལ་ངང“ཤ་མོ་རྒྱ་མ་རེའི་སིལ་ཚོང་རིན་གོང་ནི་སྒོར་10ཡིན་པ་དང་། སྡེབ་ཚོང་རིན་གོང་ནི་རྒྱ་མ་གཅིག་ལ་སྒོར་5རེད”ཅེས་ཚེ་རིང་བསམ་གྲུབ་ཀྱིས་བཤད་ཅིང་། ཁོ་པས“དགུན་དུས་རྒྱ་མ་རེར་སྒོར་15རག་གི་ཡོད་པས་ཁྲོམ་རའི་མདུན་ལམ་བཟང་པོ་ཡོད”ཅེས་བཤད།

    “སྔོ་ཚལ་དྲོད་ཁང་ཆེ་མོར་སྔོ་ཚལ་བཏབ་ཟིན་པས་བསམ་བློ་སྔོ་ཚལ་འདེབས་པར་འཇོག་དགོས། མི་གཞན་དག་དྲ་བའི་རོལ་རྩེད་ལ་དབྱིངས་ཞུགས་སྐབས་ངས་སློབ་སྦྱོང་ཡག་པོ་བྱས་ནས་རེ་བའི་ཞིང་ས་ནས་བྱ་གཞག་གཏོད་ཀྱི་ཡིན། ཞིང་ལས་ལག་རྩལ་དང་། ཞིང་ལས་འཕྲུལ་ཆས། གཡོག་བྱེད། ཁྲོམ་ར་སོགས་ཕྱོགས་གང་ས་ཅི་ཐད་ལ་ངས་སློབ་སྦྱོང་མང་པོ་བྱེད་རྒྱུ་ཡོད”ཅེས་མ་འོངས་ལ་རེ་བས་ཁེངས་བཞིན་བཤད། འདེབས་ཁྱོན་ཆེ་རུ་གཏོང་བ་དང་སྣ་ཁ་གསར་པ་འདེབས་པ་ལ་སོགས་ཀྱི་ལས་གཏོད་ལམ་བུ་ད་དུང་རིང་པོ་ཡོད། འབྱུང་འགྱུར་ཚེ་རིང་བསམ་གྲུབ་ཀྱིས་རང་ཉིད་ཀྱི་ཕུགས་འདུན་འགྲུབ་པའི་ལམ་དུ་གོམ་སྟབས་བརྟན་པོས་སྐྱོད་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།