[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ལྷ་སའི་ཧི་མ་ལ་ཡའི་རི་འཛེག་ལམ་སྟོན་པའི་སློབ་གྲྭས་སློབ་གྲྭ་བཙུགས་ནས་ལོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    ▲ མིག་སྔའི་བར། སློབ་ཐོན་སློབ་མས་རྒྱལ་ཁབ་ཕྱི་ནང་གི་རི་འཛེག་པ་མི་ཐེངས་180ལྷག་ཙམ་གྱི་སྣེ་ཁྲིད་དེ་ཇོ་མོ་གླང་མར་འཛེགས་མྱོང་བ་དང་སློབ་མ་200ལྷག་ཙམ་དང་མི་ཐེངས་450ལྷག་ཙམ་ཇོ་མོ་གླང་མའི་རྩེ་མོར་རྒྱལ་ཁའི་ངང་འཛེགས་ཐུབ་ནས་ཁག་དང་པོའི་སློབ་མ་བཀྲ་ཤིས་ཚེ་རིང་དང་བཀྲ་ཤིས་ཕུན་ཚོགས་ཀྱིས་ཇོ་མོ་གླང་མའི་རྩེ་མོར་ཐེངས་14འཛེགས་པའི་རྒྱལ་ནང་གི་ཟིན་ཐོ་རྒྱུན་འཁྱོངས་བྱས་ཡོད། 

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་ལམ་སྟོན་པའི་སློབ་གྲྭས(དེ་སྔའི་བོད་ལྗོངས་རི་འཛེག་སློབ་གྲྭ)སློབ་གྲྭ་བཙུགས་ནས་ལོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་དང་རྒྱལ་ཁབ་ཕྱི་ནང་གི་རི་འཛེག་ལམ་སྟོན་པ་དང་། ལུས་རྩལ་པ། རི་འཛེག་ལ་དགའ་པོ་བྱེད་མཁན། ཕྱོགས་ཐོན་ཐོན་ལས་ལ་གཞོལ་མཁན་བཅས་མི་གྲངས་བརྒྱ་ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    ཀྲུང་གོའི་རི་འཛེག་མཐུན་ཚོགས་ཀྱིས་སློབ་གྲྭར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་20ལྷག་ཙམ་རིང་། བོད་ལྗོངས་ལྷ་ས་ཧི་མ་ལ་ཡ་རི་འཛེག་ལམ་སྟོན་པའི་སློབ་གྲྭ་འདི་ཉིད“རང་རྒྱལ་གྱི་རི་འཛེག་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཆེད་ལས་སློབ་གྲྭ་དང་པོ་ཡིན་པའི་ངོས་ནས་ལོ་མང་རིང་གི་སློབ་ཁྲིད་ལག་ལེན་བརྒྱུད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱད་ཆོས་དང་འཚམ་པའི་སློབ་ཁྲིད་དང་ལག་ལེན་མ་ལག་ཆ་ཚང་ཞིག་འཚོལ་ཞིབ་བྱས་ཏེ་རང་རྒྱལ་གྱི་ས་བབ་མཐོ་བའི་རི་འཛེག་ལུས་རྩལ་གྱི་རྗེས་གྲབས་ཤེས་ལྡན་པ་དང་རི་འཛེག་མྱུལ་དཔྱད་པའི་ཐོན་ལས་ཞབས་ཞུའི་མི་སྣའི་རྗེས་གྲབས་ཤེས་ལྡན་པ་དཀོན་པའི་གནས་བབ་ལ་འགྱུར་ལྡོག་བཏང་ནས། རང་རྒྱལ་གྱི་རི་འཛེག་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་བཏང་སྟེ་བོད་ལྗོངས་ས་ཁུལ་གྱི་རི་འཛེག་ཕྱོགས་ཐོན་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་ཡོད”ཅེས་འཁོད་ཡོད་པ་རེད།

    སློབ་སྤྱི་ཚེ་རིང་བསམ་གྲུབ་ཀྱིས། སློབ་གྲྭ་ནི་ཧྥ་རན་སེའི་རྒྱལ་འཛུགས་རི་འཛེག་གངས་ཤུད་སློབ་གྲྭ་ཕུད་པའི་གོ་ལ་ཧྲིལ་པོའི་ཆེད་ལས་རི་འཛེག་ལམ་སྟོན་པ་ཆེད་མངགས་གསོ་སྐྱོང་བྱ་ཡུལ་སློབ་གྲྭ་གཉིས་པ་དེ་ཡིན་ཞིང་། སློབ་གྲྭ་དེ་མ་བཙུགས་གོང་། ཀྲུང་གོའི་ཕྱོགས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཚོང་ལས་རི་འཛེག་ཞབས་ཞུ་ཕལ་ཆེ་བ་ཕྱི་རྒྱལ་གྱི་ཀུང་སི་དང་སྣེ་ཤན་པས་འགན་ཁུར་གྱི་ཡོད། སློབ་གྲྭས་ཀྲུང་གོའི་རི་འཛེག་ལམ་སྟོན་པ་གསོ་སྐྱོང་གཙོ་བོ་བྱེད་པ་དང་། 2001ལོར་བོད་ལྗོངས་གནས་རི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སི་ཐོ་བཀོད་བྱས་ནས་བཙུགས་པ་དང་། སློབ་གྲྭའི་སློབ་ཐོན་སློབ་མ་ཕལ་ཆེ་བ་ཀུང་སི་དེའི་ལམ་སྟོན་པར་གྱུར་ནས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་དཔེ་དབྱིབས་གྲུབ་པ་དང་འབྲེལ། ཧི་མ་ལ་ཡའི་རི་རྒྱུད་དུ་རིམ་བཞིན་ཀྲུང་གོའི་མྱུལ་དཔྱད་ཀུང་སིས་གཉེར་སྐྱོང་དང་ཀྲུང་གོའི་ཡུལ་དེའི་ལམ་སྟོན་པས་གཙོ་ཁྲིད་བྱས་པའི་ས་བབ་མཐོ་བའི་རི་འཛེག་མྱུལ་དཔྱད་དཔེ་དབྱིབས་བསྐྲུན་ནས་རི་ཁུལ་དེར་ཡོང་འབབ་གཏོད་པ་དང་ལས་ཞུགས་མང་དུ་བཏང་བ་མ་ཟད་རྒྱལ་ནང་དུ་རི་འཛེག་ལུས་རྩལ་དང་རི་འཛེག་རིག་གནས་ཁྱབ་གདལ་བཏང་བ་རེད།

    ཚེ་རིང་བསམ་གྲུབ་ཀྱིས། སློབ་གྲྭའི་སློབ་མ་ཕལ་ཆེ་བ་ནི་ཧི་མ་ལ་ཡའི་རི་ཁུལ་གྱི་བོད་རིགས་ཞིང་འབྲོག་པའི་ཁྱིམ་ཚང་ནས་བདམས་པ་དང་ད་བར་སློབ་མ་ཁག་12བསྡུས་ཏེ་རི་མཐོའི་ལམ་སྟོན་པ་དང་། རོགས་ལས་པ། མ་བྱན། པར་རྒྱག་མཁན། ལུས་རྩལ་པ། ཕྱི་རྒྱལ་གྱི་སྐད་སྒྱུར་བ་སོགས་མི་300ཙམ་གསོ་སྐྱོང་བྱས་ཡོད་ཅེས་བཤད་པ་རེད།

    ལམ་སྟོན་པ་དང་མཉམ་ལས་པ་ཡིན་པའི་ངོས་ནས་སློབ་གྲྭའི་སློབ་མས་ད་དུང་2003ལོའི་མིའི་རིགས་ཀྱིས་ཇོ་མོ་གླང་མར་འཛེགས་ནས་ལོ་50འཁོར་བར་དྲན་གསོ་ཞུ་བའི་རི་འཛེག་བྱེད་སྒོའི་བརྙན་འཕྲིན་ཐད་གཏོང་དང་2005ལོའི་ཇོ་མོ་གླང་མའི་མཐོ་ཚད་སླར་ཡང་འཇལ་བའི་བྱེད་སྒོར་ཞུགས་པ་དང་། 2008ལོར་གཙོ་ཤུགས་ཡིན་པའི་ངོས་ནས་སློབ་གྲྭའི་སློབ་མས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མར་བརྒྱུད་སྤྲོད་བྱེད་པའི་ལས་འགན་ཁུར་བར་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།

    རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་རི་མཐོའི་མྱུལ་དཔྱད་པུའི་པུའུ་ཀྲང་ཚེ་བློས། མིག་སྔར། སློབ་གྲྭ་དེ་ནས་ཐོན་པའི་སློབ་མས་རི་མཐོའི་རོགས་སྐྱོབ་དང་། ཚན་རིག་རྟོག་ཞིབ། ཁོར་ཡུག་སྲུང་སྐྱོང་བཅས་དང་དེ་བཞིན་དགུན་དུས་དང་དབྱར་དུས་ཀྱི་རྩལ་འགྲན་ལུས་རྩལ་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། སློབ་གྲྭ་དེ་ནས་ཐོན་པའི་སློབ་མ་བོད་ལྗོངས་རི་འཛེག་ལས་རིགས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད་ཅེས་བཤད་པ་རེད།

    བོད་ལྗོངས་ལྷ་སའི་ཧི་མ་ལ་ཡའི་རི་འཛེག་ལམ་སྟོན་པའི་་སློབ་གྲྭས་མཁོ་འདོན་བྱས་པའི་གྲངས་གཞི་གཞིར་བཟུང་། 2002ལོ་ནས་2019ལོ་བར་སློབ་གྲྭའི་སློབ་ཐོན་སློབ་མ་ལས་གྲུབ་པའི་བོད་ལྗོངས་གནས་རི་རི་མཐོའི་སྐྱོབ་རོགས་རུ་ཁག་གིས་རིན་མེད་ངང་ས་བབ་མཐོ་བའི་སྐྱོབ་རོགས་ཐེངས་31བྱས་པར་བསྡོམས་མི་41བསྐྱབས་པ་དང་། སློབ་གྲྭའི་སློབ་ཐོན་སློབ་མ་ནི་ལོ་ལྟར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གད་སྙིགས་གཙང་འཕྱག་བྱེད་སྒོའི་འགན་ཁུར་བ་གཙོ་བོ་ཡིན་པ་དང་། སློབ་གྲྭའི་སློབ་ཐོན་སློབ་མ་ཁ་ཤས་ཀྱིས་ལས་རིགས་བརྒལ་བའི་ཤེས་ལྡན་པ་འདེམས་བསྐོར་ཞུགས་པ་བརྒྱུད་རྩལ་འགྲན་ལུས་རྩལ་རུ་ཁག་ལ་འཛུལ་བ། མི་མང་པོ་ཞིག་རྒྱལ་ཁབ་ཀྱི་བྱེས་བགྲོད་གངས་ཤུད་རུབ་འཛོམས་སྦྱོང་བརྡར་དང་རྒྱལ་ཁབ་བྲག་འཛེག་རུ་ཁག་ལ་ཞུགས་པ་རེད།

    ཚེ་རིང་བསམ་གྲུབ་ཀྱིས་སློབ་གྲྭས་སླད་ཕྱིན་ཕྱོགས་བསྡུས་རང་བཞིན་གྱི་རི་འཛེག་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་དམིགས་རྒྱུ་མ་ཟད། བོད་ལྗོངས་རི་འཛེག་ལམ་སྟོན་པའི་མཐུན་ཚོགས་ཀྱི་འགན་ནུས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱད་ཆོས་དང་འཚམ་པའི་ལམ་སྟོན་པའི་ལས་རིགས་ཀྱི་ཚད་གཞི་གང་མགྱོགས་བཟོ་རྒྱུ་ཡིན་ཞེས་བཤད་པ་རེད། (བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་བསོད་དཔས་ཞུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།