[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས་སྲིད་དོན་གཙང་སྐྱོང་གི་ཉེན་བརྡ་གཏོང་བའི་སློབ་གསོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-26

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱོད་གཙང་གཞུང་དྲང་མིག་དཔེར་འཛིན་རྒྱུར་དམ་བཟུང་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་སྲིད་དོན་གཙང་སྐྱོང་གི་ཉེན་བརྡ་གཏོང་བའི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སྲིད་དོན་གཙང་སྐྱོང་གི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་། སྲིད་དོན་གཙང་སྐྱོང་གི་ཉེན་བརྡ་གཏོང་བའི་སློབ་གསོའི་པར་གཞི་བལྟ་བ་སོགས་བྱས་ཏེ། རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་ཧུར་ཐག་བསྐྲུན་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་བྱས་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་ཚན་ཁག་གིས་སྣེ་ཁྲིད་དཔེ་སྟོན་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པའི་སྲིད་དོན་གཙང་སྐྱོང་གི་ཉེན་གཏོང་སློབ་གསོའི་ལྟེ་གནས་སུ་མཉམ་དུ་ལྟ་སྐོར་བྱས་པ་དང་། སྲིད་དོན་གཙང་སྐྱོང་གི་ཉེན་བརྡ་གཏོང་བའི་སློབ་གསོ་སྤེལ་རྒྱུའི་སྣེ་ཁྲིད་དེ་བསམ་བློ་ཆབ་སྲིད་ཀྱི་ཞུན་བརྡར་དང་ལེན་བྱས་པ་དང་ཕུགས་བསམ་གྱི་དད་སེམས་བརྟན་དུ་བཏང་སྟེ་ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་གནས་པར་བྱས་པ་རེད།

    ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་བཅའ་སྡོད་སྒྲིག་བཤེར་ཚོགས་ཆུང་གིས། 《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཤུས་སྒྲིག》དང《ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དྲང་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཤུས་སྒྲིག》བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་གི་ནང་དོན་གཙོ་གནད་ནང་བཅུག་སྟེ། “ཉེན་བརྡའི་སློབ་གསོའི་དྲན་སྐུལ་གཱ”དང་། “ཁུག་མའི་དེབ” “ངོ་གཉིས་མ”སོགས་ཀྱི་ཤེས་བྱའི་ལག་དེབ་སྒྲིག་སྤེལ་ཧུར་ཐག་བྱས་ཏེ། ཏང་ཡོན་ལས་བྱེད་པས་ནང་སེམས་ལ་ཟུག་པ་དང་། བྱ་སྤྱོད་ཐོག་འཁྱོལ་བ་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། དྲིལ་བསྒྲགས་པུའུ། ལས་བྱེད་པ་རྒན་གྲས་ཅུས། ལྗོངས་མི་སྤྱི་ཐིང་། ལུས་རྩལ་ཅུས་བཅས་ཀྱི་ཚན་པ་ཁག་གི་ལས་བྱེད་ལས་བཟོས《ནམ་ཡང་ཚར་དུས་མེད་པ》དང《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད》ཅེས་པའི་ཉེན་བརྡ་གཏོང་བའི་སློབ་གསོའི་པར་གཞི་བལྟས་པ་དང་འབྲེལ། རུལ་རྒོལ་འཐབ་རྩོད་ལ་དམིགས་བསལ་ཁུལ་དང་དམིགས་བསལ་མེད་པས། ངེས་པར་དུ་རུལ་རྒོལ་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ངོས་འཛིན་གསལ་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཐོག རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་དགོས་ཞེས་བསྟན་པ་རེད་།

    ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་། ལྗོངས་མི་དམངས་འཐུས་ཚོགས་གཞུང་དོན་ཐིང་། ལྗོངས་སྲིད་གྲོས་གཞུང་དོན་ཐིང་། ལྗོངས་དྲ་འཕྲིན་གཞུང་དོན་ཁང་། ལྗོངས་བཟོ་ཚོང་མཉམ་འབྲེལ་སོགས་ཀྱི་ཚན་པའི་ལས་བྱེད་ལས་བཟོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱས་པ་དང་གྱོད་དཔེ་ཁག་གི་འགྲེམས་སྟོན་བལྟས་རྗེས། ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི“སྟག་སྦྲང་མཉམ་རྡུང”གི་གྱོད་དཔེས་མི་ཚོར་སློབ་གསོ་གཏིང་ཟབ་ཐེབས་པ་དང་། གྱོད་གཞི་དེ་འདྲ་ཐོན་དོན་ནི་ཕུགས་བསམ་གྱི་དད་སེམས་བརྟན་པོ་མེད་པ་དང་། འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཡང་དག་མེད་པས་རེད། རུལ་སུངས་ནི་རང་རེའི་ཏང་གི་དགྲ་བོ་ཆེ་ཤོས་དེ་ཡིན་པ་དང་། སྤྱོད་གཙང་གཞུང་དྲང་ནི་ང་ཚོའི་འོས་འགན་ཡིན་པ་སེམས་ལ་བརྟན་པོ་ངེས་དགོས་ཞེས་མྱོང་ཚོར་ཟབ་མོས་བཤད།

    ལྗོངས་རིག་གནས་ཐིང་དང་། ཚོང་དོན་ཐིང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་སྡེ་ཚན་གྱི་ལས་བྱེད་པ་བཙོན་ཁང་ནང་བསྐྱོད་དེ་བར་ཐག་ཉེ་པོའི་སྒོ་ནས་ཉེས་གསོག་ཁྲིམས་ཆད་འཁུར་མཁན་གྱི་རང་གི་མཐོང་ཐོས་དང་དྲན་རེག་བཤད་པར་མྱོང་ཚོར་ཟབ་མོ་བྱུང་བ་དང་བསླབ་བྱ་གཏིང་ཟབ་ཐེབས་ནས་ང་ཚོར་ཉེན་བརྡ་བཏང་བྱུང་བས་སླད་ཕྱིན་གྱི་ལས་དོན་ཁྲོད་དེ་བསླབ་བྱར་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་རིགས་པ་དྭངས་གསལ་བྱས་ཏེ་ལོག་ལམ་དུ་བསྐྱོད་མི་རུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ལས་གྲོང་གསེབ་ཐིང་། ཆུ་བེད་ཐིང་སོགས་ཚན་པའི་ལས་བྱེད་ལས་བཟོས་སྲིད་དོན་གཙང་སྐྱོང་གི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དུ་བསྐྱོད་པ་བརྒྱུད། དངོས་རིགས་དང་། པར་རིས་བརྙན་ལམ་བལྟས་ཏེ་འགྲེལ་བཤད་རྒྱག་མཁན་གྱི་འགྲེལ་བཤད་ཡག་པོ་ཉན་རྗེས་ཏང་ཡོན་ལས་བྱེད་པས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་རང་རེའི་ཏང་གི་བླ་ན་མེད་པའི་སྙན་གྲགས་འཛུགས་ཐུབ་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་སྲིད། བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱོད་གཙང་གཞུང་དྲང་མིག་དཔེར་འཛིན་པའི་བླང་བྱར་ནན་པོ་གཞིགས་ཏེ་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཏན་ཏིག་ཆེ་རུ་བཏང་ནས་ལག་ནང་གི་དབང་ཆ་ཡག་པོ་སྤྱོད་པ་དང་ཉེ་འགྲམ་གྱི་མིར་དོ་དམ་ཡག་པོ་བྱེད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།