[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་འཆང་དགོས།

    ཡར་ལངས་ཞིང་བྲན་གམ་པ་རྫོང་གོག་ཚོ་གྲོང་ཚོའི་དངོས་གྲུབ་ཀྱི་སྐོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-28

    645303_yis_1563942783435_s.jpg

    འདི་ནི་དངོས་གྲུབ་ཀྱིས་རང་ཉིད་ཀྱི་གཟི་བརྗིད་མཚན་སྙན་ལག་ཁྱེར་ལ་ལྟ་བཞིན་པ།

    645811_yis_1564052390066_s.jpg

    (རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་བལྟ་ཐུབ)

    མི་སྣའི་རྒྱབ་ལྗོངས།

    དངོས་གྲུབ། 1944ལོར་སྐྱེས། ད་ལོ་ལོ་75སླེབས་པ་དང་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་ལུང་རོང་ཤང་གོག་ཚོ་གྲོང་ཚོ་ནས་ཡིན།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་དངོས་གྲུབ་ཀྱི་ནང་མི་18ཚང་མ་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་བཀྲ་ཤིས་ཆོས་འཕེལ་དགོན་གྱི་ཞིང་བྲན་ཡིན། དངོས་གྲུབ་ཆུང་དུས་ནས་དགོན་པར་ཁྲལ་འུ་ལག་རྒྱུག་སྟེ་ལྟོས་གྲོད་པ་མི་རྒྱགས་ལ་གོས་ཀྱིས་ལུས་པོ་མི་དྲོས། 1959ལོར་དངོས་གྲུབ་ཞིང་བྲན་བདག་པོས་ཁང་ཆུང་མུན་ནག་ཅིག་ཏུ་བཅུག་པ་དང་། བཅིངས་འགྲོལ་དམག་སླེབས་ནས་ཁོང་བསྐྱབས་རྗེས་གཞི་ནས་ཁོང་གི་འཚོ་བར་འགྱུར་ལྡོག་འགྲོ་འགོ་ཚུགས། དེ་རྗེས་དངོས་གྲུབ་ཀྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། ད་ཆ་ཁོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་བྱས་ནས། མང་ཚོགས་ལ་བོད་རྙིང་པའི་དཀའ་སྡུག་དང་བོད་གསར་པའི་བདེ་སྐྱིད་སྐོར་གླེང་བཞིན་ཡོད།

    བསིལ་རླུང་དལ་བུར་ལྡང་བ་དང་བསྟུན་ནས་གསར་འགོད་པ་དང་བཅས་པ་གམ་པ་རྫོང་ལུང་རོང་ཤང་གོག་ཚོ་གྲོང་ཚོའི་དངོས་གྲུབ་ཁྱིམ་དུ་བསྐྱོད་པ་ཡིན། ཁོང་ཁྱིམ་གྱི་སྒོ་ར་རྒྱ་ཆེ་ལ་གཙང་སྦྲ་དོད་པ་དང་། ཁང་པའི་ནང་གི་འཛིན་ཆས་གྲལ་འགྲིག་པོ་འདུག སེམས་རྩ་འཁོལ་བའི་སྦྱིན་བདག་གིས་མགྲོན་པོ་ཚོར་ཇ་བསྲུབས་མ་ཡང་སེ་བཀྱག་བྱུང་།

    “སྤོ་བོ་ལགས། སྐུ་གཟུགས་གསལ་ཐང་ཨེ་ཡིན། འཚོ་བ་གང་འདྲ་འདུག་གམ”ཞེས་གསར་འགོད་པ་དང་དངོས་གྲུབ་ཀྱིས་ཅི་འཕྲོས་མོལ་འཕྲོས་འགོ་ཚུགས།

    “ངའི་གཟུགས་པོ་སྣང་དག་མེད་ལ། འཚོ་བ་ཡང་སྐྱིད་པོ་འདུག”ཅེས་དངོས་གྲུབ་ཀྱིས་དགོད་འཚེར་འཚེར་ངང་བརྗོད།

    “དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ང་ཚོ་ནང་མི་ཚང་མ་བཀྲ་ཤིས་ཆོས་འཕེལ་དགོན་པར་ཁྲལ་འུ་ལག་རྒྱུག་གི་ཡོད་པ་དང་། ནང་མི་18ས་རྡོའི་ཁང་པ་གོག་ཧྲུལ་ཞིག་ནང་འཚང་ཁ་བརྒྱབ་ནས་འཚོ་བ་སྐྱེལ་གྱི་ཡོད། དཔྱིད་ཀ་རྨོ་འདེབས་དང་། དབྱར་ཁ་ཕྱུགས་འཚོ་བ། སྟོན་ཁ་བཙས་མ་བརྔ་བ། དགུན་ཁ་ལྕི་བ་སྒྲུག་པ་སོགས་གང་ལྟར་ནམ་དུས་བཞི་པོར་བྱས་མི་ཚར་བའི་ལས་ཀ་དང་འཇལ་མི་ཚར་བའི་ཁྲལ་འུ་ལག་རྒྱུག་དགོས་ལ་ལོ་གཅིག་གི་ཡོང་འབབ་ཚང་མ་དགོན་པར་སྐྱེལ་དགོས་པས། ལོ་གཉིས་པའི་དཔྱིད་འདེབས་ཀྱི་སོན་འབྲུ་ཡང་ལྷག་གི་མེད། ལོ་གཉིས་པའི་དཔྱིད་འདེབས་སྐབས་སུ་སོན་འབྲུ་དགོན་པ་ནས་གཡར་དགོས། ངའི་གཅེན་པོ་གང་སར་ཟ་འབྲུ་གཡར་བར་འགྲོ་བའི་སྣང་ཚུལ་ད་ལྟ་ཡང་ངའི་དྲན་པའི་ཡོལ་བའི་ངོས་སུ་གསལ་ལེར་འཆར་ཡོང་གི་འདུག”ཅེས་དངོས་གྲུབ་ཀྱིས་བརྗོད།

    “ཕོར་པ་གང་གཡར་ན་སྐྱིན་ཚབ་ཕོར་པ་དོ་སྤྲོད་དགོས་པ་དང་། ཁྲལ་འཇལ་མ་ཐུབ་ཚེ་ཞིང་བྲན་བདག་པོས་ཁྱིམ་ནས་ཕུད་དེ་འབྲུ་རིགས་ཀྱི་སྐྱིན་ཚབ་འཇལ་མ་ཐུབ་བར་གང་སར་གཡར་བར་གཏོང་གི་ཡོད། འོན་ཀྱང་དེ་ནི་ནམ་ཡང་འཇལ་ཐབས་བྲལ་བའི་བུ་ལོན་ཞིག་རེད་ཨང་། སྐབས་དེ་དུས་རྟག་པར་རི་སྐྱེས་སྔོ་ཚོད་ཟ་དགོས་པས། གཟུགས་པོར་ཤེད་ཤུགས་ཅི་ཡང་མེད་པར་རང་ཚུགས་ངང་ཡར་ལངས་མི་ཐུབ་པ་མ་ཟད། གཟུགས་པོ་ཡོངས་སྐྲངས་ཀྱི་ཡོད”ཅེས་དངོས་གྲུབ་ཀྱིས་བརྗོད།

    1959ལོའི་ཟླ་ལྔ་པ་ནི་དངོས་གྲུབ་ཀྱི་ངོས་ནས་བརྗོད་ན། ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་རེད། བཅིངས་འགྲོལ་དམག་སླེབས་པས་ལོག་སྤྱོད་སྐུ་དྲག་ཚོ་ཞེད་སྣང་གིས་གང་སར་བྲོས་བྱོལ་དུ་སོང་སྟེ། ཁྱིམ་སྲུང་མཁན་ཨ་ཕྲུག་འགའ་ཞིག་མ་གཏོགས་ལྷག་མེད། དངོས་གྲུབ་དང་ཞིང་བྲན་གཞན་འགའ་ཞིག་མཉམ་དུ་ཁང་ཆུང་མུན་ནག་ཅིག་ཏུ་བཅུག་ཡོད།

    བཅིངས་འགྲོལ་དམག་སླེབས་པ་དང་ཨ་ཕྲུག་ཚོ་ཕྱིར་འབུད་བཏང་བ་དང་དངོས་གྲུབ་ཁོང་ཚོར“ཁྱེད་རང་ཚོ་ཞེད་སྣང་བྱེད་མི་དགོས། ང་ཚོ་ནི་ཁྱེད་རང་ཚོ་སྐྱོབ་མཁན་ཡིན”ཞེས་བརྗོད་པས། དངོས་གྲུབ་དང་རོགས་པ་རྣམས་རྣམ་འགྱུར་ཞི་ཞིང་འཇམ་པའི་བཅིངས་འགྲོལ་དམག་ལ་དགའ་མོས་སྐྱེས་པ་དང་། རབ་ཏུ་གསལ་བའི་འོད་སྣང་ཞིག་མུན་ནག་གི་ཁང་ཆུང་དུ་འཕྲོས་པ་ལྟར་བྱུང་ཡོད།

    “ཟླ་དེར་བཅིངས་འགྲོལ་དམག་གིས་འབྲུ་མཛོད་ཀྱི་སྒོ་ཕྱེས་ནས་ང་ཚོར་ཟ་འབྲུ་བགོས་པ་མ་ཟད། ཐོན་སྐྱེད་རྒྱུ་ཆ་འགའ་ཞིག་ཀྱང་བགོས་བྱུང་བ་སྟེ། ངེད་ཁྱིམ་ལ་འབྲི་གཡག་7དང་ས་ཞིང་མུའུ་འགའ་བགོས་བྱུང”ཞེས་དངོས་གྲུབ་ཀྱིས་དགོད་འཚེར་འཚེར་ངང་བརྗོད།

    ལོ་འགའི་རྗེས་སུ་དངོས་གྲུབ་ནང་མི་རྣམས་གཏིང་སྐྱེས་རྫོང་ནས་གམ་པ་རྫོང་ལུང་རོང་ཤང་གོག་ཚོ་གྲོང་ཚོར་སྤོས། 1975ལོར་དངོས་གྲུབ་གོག་ཚོ་ཀུང་ཧྲེའི་ཐོན་སྐྱེད་རུ་ཁག་གི་རུ་དཔོན་ལ་བདམས་པ་དང་ལས་གནས་དེའི་ཐོག་ལོ་39འབད་བརྩོན་བྱས་ཡོད།

    “ང་རང་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་མྱོང་བ་དང་། སྤྱི་ཚོགས་གསར་པར་གཞི་ནས་རང་ཉིད་ཀྱི་འདོད་མོས་ཤོད་དབང་ཡོད”དམངས་དོན་དུ་ཧུར་ཐག་འབད་ཐག་བྱེད་པ་དང་དོ་དོ་ཏན་ཏན་གྱིས་འཚོ་བ་སྐྱེལ་བའི་དད་སེམས་དེ་དག་ལས་དངོས་གྲུབ་ལ་ལོ་39གཞི་རིམ་དུ་ལས་དོན་གྲུབ་པའི་སྐུལ་ལྕག་ཐེབས།

    ད་ཆ། དངོས་གྲུབ་ཀྱི་ཚ་བོ་པད་མ་དོན་གྲུབ་དང་བཀྲ་ཤིས་ཚེ་རིང་གཉིས་ཀ་ལུང་རོང་ཤང་དུ་སྐད་གྲགས་ཆོད་པའི་གྲོང་ཚོའི་སྨན་པ་ཡིན་པ་དང་། ཚ་བོ་ཉི་མ་མཚམས་གཅོད་སློབ་ཆེན་འགྲིམ་བཞིན་ཡོད། “བོད་རྙིང་པར་ཞིང་བྲན་གྱི་རྗེས་རབས་པ་མགོ་བཀྱག་པའི་གོ་སྐབས་རག་ཡོང་བསམ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སུ་ཁྲལ་འཇལ་མི་དགོས་པར་དཀའ་བ་སྤྱད་ནུས་ན་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་རེད”ཅེས་དངོས་གྲུབ་ཀྱིས་མྱོང་ཚོར་ཟབ་མོས་བརྗོད།

    2012ལོར་དངོས་གྲུབ་ནང་མི་རྣམས་གསར་དུ་བརྒྱབ་པའི་བོད་བཟོའི་ཁང་པ་ཉིས་ཐོག་མར་སྤོས། རྒན་ཡོལ་ཞུས་རྗེས་ཁོང་ལ་ད་དུང་རྒྱལ་ཁབ་ཀྱིས་གནང་བའི“རྒན་གྲས་གསུམ”གྱི་འཚོ་བའི་ཁ་གསབ་ལེན་རྒྱུ་ཡོད།

    2017ལོ་ནས་བཟུང་། ལྗོངས་ཡོངས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བ་དང་། དངོས་གྲུབ་ཀྱིས་རང་འགུལ་ངང་གྲོང་མི་ཚོར་བོད་རྙིང་པའི་དཀའ་སྡུག་དང་བོད་གསར་པའི་བདེ་སྐྱིད་སྒྲོག་འགྲེལ་བྱེད་བཞིན་ཡོད།

    “དྲག་ཆར་རླུང་འཚུབ་ཀྱི་ལོ་60དེ་ནི་གུང་ཁྲན་ཏང་གིས་ང་ཚོའི་སྣེ་ཁྲིད་ནས་མུན་ནག་ལས་སྒྲོལ་བ་དང་། ད་ཆའི་འཚོ་བ་ཚང་མ་གུང་ཁྲན་ཏང་གིས་ང་ཚོར་གནང་བ་ཞིག་ཡིན་པས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་འཆང་དགོས”ཞེས་དངོས་གྲུབ་ཀྱིས་སེམས་འགུལ་ཐེབས་བཞིན་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།