[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཚོ་གཉིས་རྫོང་དུ་ལང་ཚོ་ལེཌ་སྐྱེས་འབུལ་བ།

    བོད་ལྗོངས་ཀྱི་རྒྱལ་ཡོངས་སློབ་ཁྲིད་མི་སྐྱོང་གི་དཔེ་བཟང་བའི་འོས་མི་ལྷ་མོའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-21

    མཚོ་གཉིས་ཞེས་བརྗོད་སྐབས། མི་མང་པོའི་བསམ་བློར་ས་བབ་ཧ་ཅང་མཐོ་བ་དང་། གྲང་ངར་ཆེ་བ། གསོ་རླུང་དཀོན་པ་བཅས་ཀྱི་སྣང་བ་ཞིག་འཆར་སྲིད། འོན་ཀྱང་གནས་དེར་མིང་ལ་ལྷ་མོ་ཞེས་འབོད་པའི་80ནང་སྐྱེས་ཀྱི་བུ་མོ་ཞིག་ཡོད་པ་སྟེ། ཁོང་ནི་མཚོ་གཉིས་རྫོང་ཞི་བདེ་ཤང་ཆ་ཚང་སློབ་ཆུང་གི་དགེ་རྒན་ཞིག་ཡིན། ཕྲུ་གུའི་ཆེད་དུ་ཁོང་གིས་ལས་གནས་བརྟན་སྲུང་བྱེད་རྒྱུའི་གདམ་ག་བྱས་ནས། མཛེས་སྡུག་ལྡན་པའི་ལང་ཚོ་འབྲོག་ཁུལ་དུ་སྐྱེས་སུ་འབུལ་བ་དང་གཅེས་སེམས་ཚང་མ་འབྲོག་ཁུལ་གྱི་ཕྲུ་གུ་ཚོར་བཅངས་ཡོད།

    ལོ་བཅུ་གསུམ་རིང་ཁྱེད་ལ་འདི་ནས་ཁ་འབྲལ་རྒྱུའི་བསམ་བློ་འཁོར་མྱོང་ངམ། རྒྱུ་རྐྱེན་གང་ཞིག་གིས་ཁྱེད་མུ་མཐུད་གནས་འདིར་བསྡད་པ་ཡིན་ནམ་ཞེས་གསར་འགོད་པས་སྐད་ཆ་འདྲི་སྐབས། ཁོང་གིས་དེ་སྔ་ས་ཕྱོགས་གཞན་དུ་འགྲོ་རྒྱུའི་བསམ་བློ་འཁོར་མྱོང་། འོན་ཀྱང་ད་ཆ་ས་ཆ་འདི་རང་ཁྱིམ་ལྟ་བུར་བརྩི་ཡི་ཡོད་ཅེས་བརྗོད་བྱུང་།

    ལྷ་མོ་2006ལོར་ཧུའུ་ནན་མི་རིགས་ལས་རིགས་སློབ་གླིང་ནས་ཐོན་པ་དང་།  འདི་ལོ་ལོ་34ལ་སླེབས་པའི་ཁོང་ནི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ཞི་བདེ་ཤང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་རེད། ལོ་བཅུ་གསུམ་རིང་ཁོང་གིས“ཁྱིམ་བདག་དང་དགེ་རྒན་གྱིས་མཉམ་དུ་སློབ་གཉེར”གྱི་འདུ་ཤེས་བཅངས་པས། ཁྱིམ་བདག་དང་སློབ་མ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེ་སྔ“ནག་ཆུ་ས་ཁུལ་གྱི་ཕུལ་བྱུང་དགེ་རྒན”དང“བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དགེ་རྒན”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་རག་མྱོང་ཡོད་པ་མ་ཟད། ད་དུང་ལོ་གཉིས་བསྟུད་མར་མཚོ་གཉིས་རྫོང་གི“ཕུལ་བྱུང་སློབ་སྤྱི”ལའང་འདེམས་མྱོང་ཡོད།

    ལྷ་མོས། དང་ཐོག་མར་འདི་གར་སློབ་ཁྲིད་བྱེད་སྐབས། འདི་གའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཅུང་ཞན་པ་དང་སློབ་ཁྲིད་བྱེད་སྟངས་ཀྱང་རྙིང་པ་ཡིན་པ་ལམ་སེང་ཤེས་བྱུང་། “སྐབས་དེ་ནས་བཟུང་། ངས་ས་ཆ་འདི་གའི་སློབ་ཁྲིད་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་ཕྲུ་གུ་ཚང་མས་སློབ་ཁྲིད་ཆ་རྐྱེན་དེ་བས་ལེགས་པ་ལོངས་སྤྱོད་ཐུབ་པའི་བརྩོན་ལེན་བྱེད་པའི་སེམས་ཐག་བཅད་པ་ཡིན”ཞེས་གསར་འགོད་པར་བཤད་བྱུང་།

    དུས་ཡུན་གང་མཚམས་འཚོལ་ཞིབ་བྱས་པ་བརྒྱུད། ལྷ་མོས་སློབ་ཁྲིད་གྲ་སྒྲིག་བྱེད་སྟངས་ནས་འགྱུར་ལྡོག་གཏོང་རྒྱུའི་སེམས་ཐག་བཅད། ཁོང་གིས“སློབ་ཁྲིད་གྲ་སྒྲིག་བྱེད་སྐབས། ངེས་པར་དུ་སློབ་མར་བསྟུན་ནས་གྲ་སྒྲིག་བྱེད་དགོས་ཤིང་། ཐོག་མར་རང་ཉིད་ཀྱིས་གྲ་སྒྲིག་ཡག་པོ་བྱས་རྗེས་སློབ་མར་སློབ་ཁྲིད་ཡག་པོ་བྱེད་དགོས། དགེ་རྒན་ཞིག་གི་ངོས་ནས་ངེས་པར་དུ་སློབ་མའི་གཤིས་རྒྱུད་དང་། ཁྱད་ཆོས། ལྷན་སྐྱེས་རིག་པ། དགའ་སྣང་། སྦྱོང་སེམས། དང་ལེན་ནུས་པ་སོགས་ལ་ཞིབ་འཇུག་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་སློབ་ཚན་ཁྲིད་སྟངས་འཚམ་པོ་འདེམས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པར་བརྟེན། གང་བསམ་གང་དྲན་གཏན་ནས་བྱེད་རྒྱུ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བརྗོད་བྱུང་།

    སློབ་ཁྲིད་གྲ་སྒྲིག་བྱེད་སྟངས་ལ་སྒྱུར་བཅོས་བཏང་བའི་རྨང་གཞིའི་ཐོག ལྷ་མོས་སློབ་མས་སློབ་ཁྲིད་ནང་དོན་ཡག་པོ་ཇི་འདྲ་ཤེས་རྟོགས་ཐུབ་མིན་དང་། སློབ་མའི་སྦྱང་འབྲས་ཡག་ཏུ་ཇི་འདྲ་གཏོང་བ་སོགས་ལ་འབད་བརྩོན་ལྷོད་མེད་བྱས་ཡོད། ཁོང་གིས་འབྲོག་ཁུལ་གྱི་འཚོ་བའི་དོན་དངོས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། རང་ཉིད་ཀྱི་སློབ་ཁྲིད་ལས་འགན་དང་སློབ་མའི་དོན་དངོས་ཀྱི་འཚོ་བ་ཟུང་འབྲེལ་དམ་ཟབ་བྱས་ཡོད། ཁོང་གིས་སློབ་ཁྲིད་ནི་སློབ་ཁང་ཙམ་མ་ཟད། ད་དུང་སློབ་ཕྱི་དང་ཐ་ན་འབྲོག་ཁུལ་གྱི་སློབ་མའི་འཚོ་བའི་ཁྲོད་ཞུགས་ནས་འཚོ་བ་དང་སློབ་སྦྱོང་ཟུང་འབྲེལ་ནུས་ལྡན་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། “རྟོགས་དཀའ་བའི་ཤེས་བྱ་ཕྲུ་གུ་ཚོས་དང་ལེན་བྱ་དཀའ་བས། ངས་འཚོ་བའི་ཁྲོད་མི་རྣམས་ཀྱིས་ཤེས་སླ་བའི་བྱ་བར་བརྟེན་ནས་འགྲེལ་བཤད་རྒྱག་པ་དང་། གཏིང་ཟབ་པའི་ཤེས་བྱར་གོ་བ་ལེན་དཀའ་བས། ངས་རོལ་རྩེད་ཀྱི་རྣམ་པར་བརྟེན་ནས་འགྲེལ་བཤད་རྒྱག་གི་ཡོད། སྣ་མང་གི་ཤེས་རིག་དག་གོ་བདེ་ལ་ཉན་སྤྲོ་བའི་གཏམ་རྒྱུད་དང་འབྲེལ་ནས་ཕྲུ་གུ་ཚོར་ཁྲིད་ན། ཕྲུ་གུའི་ཚོས་དེའི་གནས་ལུགས་གསལ་པོར་རྟོགས་ཐུབ”ཅེས་བརྗོད་བྱུང་།

    ལྷ་མོས་ནམ་ཞག་རྒྱུན་དུ་ཕྲུ་གུར་བྱམས་སྐྱོང་བྱེད་ཀྱི་ཡོད་ཅིང་། ཕྲུ་གུ་སུ་འདྲ་ཞིག་ལ་དཀའ་ངལ་འཕྲད་སྐབས་རང་ཉིད་ཀྱི་འཛིན་གྲྭའི་ཕྲུ་གུ་ཡིན་མིན་ལ་མ་བལྟོས་པར། ཁོང་གིས་རོགས་པ་བྱེད་ཀྱི་ཡོད། ཁོང་གིས་ད་དུང་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བ་སོགས་ཕྱོགས་གང་སར་རོགས་སྐྱོར་གང་ཐུབ་བྱེད་ཀྱི་ཡོད།

    ལོ་མང་རིང་ལྷ་མོས་སློབ་ཚན་གཅིག་ཀྱང་འཐུས་ཤོར་གཏོང་མྱོང་མེད། དགེ་རྒན་བྱས་མ་ཐག་པའི་ལོ་ཤས་རིང་ཁོང་གིས་ཉིན་ལྟར་ངལ་གསོའི་སྐབས་སུའང་སྦྱངས་འབྲས་ཞན་པའི་ཕྲུ་གུ་ཚོར་ཟུར་ཁྲིད་བྱེད་ཀྱི་ཡོད། རྟག་ཏུ་ཁོང་གིས་སློབ་གྲྭ་ཁྱིམ་ཚང་ལྟ་བུར་བརྩིས་ནས་རང་ནུས་གང་ཡོད་བཏོན་ཏེ་ཕྲུ་གུ་ཚོར་གཅེས་སྐྱོང་བྱེད་ཀྱི་ཡོད།

    སྔར་སོང་ལ་ཕྱིར་ལྟ་བྱེད་སྐབས། ཁོང་དེ་སྔ་སེམས་ཁྲལ་དང་སོམ་ཉིའི་གནས་སུ་ལྷུང་མྱོང་ཡོད། འོན་ཀྱང་མཐར་ས་ཆ་འདིར་སློབ་ཁྲིད་མཐའ་འཁྱོངས་བྱས་པ་ཡིན། གང་ཡིན་ཟེར་ན“ཕྲུ་གུར་སློབ་ཁྲིད་བྱེད་པར་དབྱིངས་ཚུད་པ་མ་ཟད། སློབ་གསོའི་ལས་རིགས་དང་གཅེས་ཕྲུག་ཚོར་དགའ་པོ་ཡོད་པས་ཡིན”ཞེས་བརྗོད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།