[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལོ་གཅིག་ལ་ཁག་ཐེངས་གཅིག་ནས་ལོ་དྲུག་ལ་ཁག་ཐེངས་བརྒྱད་བར།

    གངས་ལྗོངས་ས་མཐོའི་ཐོག་སློབ་སྐྱོར་གཅེས་སེམས་མུ་མཐུད་རྒྱུན་འཛིན་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-21

    ཟླ་7ཚེས་22ཉིན་ཡོངས་བསྒྲགས་བྱས་པའི་2019ལོ་འཁོར་གྱི“མཐའ་མཚམས་རོགས་སྐྱོར་མི་སྣ་ལེགས་ཤོས”ཀྱི་སྔོན་ཐོན་བྱས་རྗེས་མིང་ཐོའི་ཐོག་ཧུའུ་པེ་རིག་གནས་རང་བྱུང་ཚན་རིག་སློབ་གླིང་གི“སྐལ་བཟང་མེ་ཏོག”སློབ་སྐྱོར་རུ་ཁག་ནི་བདམས་ཐོན་བྱུང་བའི་མཉམ་སྡེབ་གཅིག་པུ་དེ་ཡིན་ཞིང་། 2014ལོར་ཧུའུ་པེ་རིག་གནས་རང་བྱུང་ཚན་རིག་སློབ་གླིང་གིས“སྐལ་བཟང་མེ་ཏོག”སློབ་སྐྱོར་རུ་ཁག་བཙུགས་ནས་བོད་ལྗོངས་འཕྱོངས་རྒྱས་རྫོང་སློབ་འབྲིང་ལ་ཁ་གཏད་སློབ་སྐྱོར་བྱས་ཏེ་ཐོག་མའི་དུས་ཀྱི་ལོ་གཅིག་ལ་ཁག་ཐེངས་གཅིག་ནས་ལོ་དྲུག་ལ་ཁག་ཐེངས་བརྒྱད་བར་གྱི་མི་ཐེངས་37མངགས་པ་དང་། ད་ཆ“སྐལ་བཟང་མེ་ཏོག”སློབ་སྐྱོར་རུ་ཁག་གི་རུ་མི་ཚོས་གངས་ལྗོངས་ས་མཐོའི་ཐོག་ལང་ཚོ་ལེགས་སྐྱེས་ཕུལ་ནས་སྡུག་བསྲན་བཟོད་ཐུབ་པ་དང་། ལེགས་སྐྱེས་འབུལ་བར་སྤྲོ་བ། མཐུན་སྒྲིལ་བྱེད་མཁས་པ། ལག་ལེན་ལ་བརྩོན་པ། འགན་འཁྲི་འཁུར་ཕོད་པ། ཕུགས་འདུན་འགྲུབ་གཉེར་བྱེད་པ་བཅས་ཀྱི་ལང་ཚོའི་ལེའུ་བརྩམས་ཡོད་པ་རེད།

    སློབ་སྐྱོར་རུ་མིའི་སེམས་ཀྱི་བརྗེད་པར་དཀའ་བའི་དུས་ཚོད།

    “བོད་དུ་སློབ་སྐྱོར་བྱས་པའི་ཟླ་བཞི་ཡི་དུས་ཡུན་ནི་ངའི་མི་ཚེའི་བརྗེད་པར་དཀའ་བའི་དུས་ཚོད་རེད”ཞེས་2019ལོའི་ཟླ་7ཚེས་16ཉིན་ཧུའུ་པེ་རིག་གནས་རང་བྱུང་ཚན་རིག་སློབ་གླིང་གི“སྐལ་བཟང་མེ་ཏོག”སློབ་སྐྱོར་རུ་ཁག་ཁག་བརྒྱད་པའི་རུ་མི་ཧོང་ཏེང་མོ་བོད་ལྗོངས་འཕྱོངས་རྒྱས་རྫོང་ནས་ཤང་དབྱང་གྲོང་ཁྱེར་དུ་ལོག་རྗེས་ཀྱི་ཉིན་ཐོའི་ནང་དེ་ལྟར་བྲིས་ཡོད་པ་རེད།

    2014ལོར། ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་དང་ཧུའུ་པེ་རིག་གནས་རང་བྱུང་ཚན་རིག་སློབ་གླིང་གིས་སློབ་གྲྭའི་ཕུལ་བྱུང་སློབ་གྲྭ་ཆེ་མོ་བའི་དང་བླངས་པ་བདམས་ནས་འཕྱོངས་རྒྱས་རྫོང་སློབ་འབྲིང་དུ་ཁ་གཏད་སློབ་སྐྱོར་བྱེད་པར་མངགས་རྒྱུའི་གཏན་འབེབས་བྱས་པ་རེད།

    “ས་མཐོའི་ཁོར་ཡུག་དམིགས་བསལ་ཡིན་པར་བརྟེན་ནས་སློབ་སྐྱོར་རུ་ཁག་ཁག་དང་པོར་སློབ་མ་བུ་ཁོ་ན་ལས་བསྡུས་མེད། སློབ་སྐྱོར་རུ་མི་བསྡུ་བའི་ཚོགས་འདུ་གྲོལ་རྗེས། སློབ་གྲོགས་བུ་མོ་འགའ་ཞིག་གིས་ང་ལ་སློབ་མ་བུ་མོ་མི་བསྡུ་བའི་རྒྱུ་མཚན་གང་ཡིན་ཞེས་དྲིས་བྱུང”ཞེས་ཧུའུ་པེ་རིག་གནས་རང་བྱུང་ཚན་རིག་སློབ་གླིང་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཡའོ་ཅུན་གྱིས་བརྗོད་པ་དང་། “སྐལ་བཟང་མེ་ཏོག”སློབ་སྐྱོར་རུ་ཁག་ཁག་དང་པོའི་མི་སྣ་བསྡུ་བའི་ལས་དོན་ཐད་ཁོང་ལ་བག་ཆགས་ཟབ་མོ་བྱུང་ཡོད་པ་རེད།

    “བོད་དུ་སླེབས་རྗེས་ཡུལ་ཤོས་ནི་སླེབས་མ་ཐག་གི་ཟླ་གཅིག་བུ་དེ་རེད། ལ་དུག་ཕོག་ནས་ཚང་མ་མགོ་ཡུ་འཁོར་བ་དང་སྣ་ཁྲག་དོན་པ་སོགས་བྱུང་ཡོད། ཡིན་ནའང་གནོང་འགྱོད་དང་ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་བྱུང་མེད”ཅེས་སློབ་སྐྱོར་རུ་ཁག་ཁག་དང་པོའི་སློབ་གྲྭ་ཆེ་མོ་བ་བུ་མོ་ཧོང་ཡེ་ལིས་བཤད་བྱུང་།

    ཧུའུ་པེ་རིག་གནས་རང་བྱུང་ཚན་རིག་སློབ་གླིང་དུ་སློབ་དུས་རེའི་ཐོག་མའི་དུས་སུ“སྐལ་བཟང་མེ་ཏོག”སློབ་སྐྱོར་རུ་ཁག་ཉམས་མྱོང་མཉམ་སྤྱོད་སྙན་ཞུའི་ཚོགས་འདུར་ཞུགས་མཁན་མང་པོ་ཡོད་པ་དང་། སློབ་སྐྱོར་རུ་མིའི་མི་སེམས་འགུལ་བའི་བྱས་རྗེས་ལ་ཚང་མ་སེམས་འགུལ་ཆེན་པོ་ཐེབས་པ་དང་ཆབས་ཅིག དེར་ཞུགས་པའི་རེ་འདུན་ཆེན་པོ་བཅངས་པས་སློབ་སྐྱོར་རུ་ཁག་གི་རུ་མི་བསྡུ་བའི་བྱེད་སྒོ་ཚང་མར་མི་500ལྷག་ཙམ་གྱིས་མིང་ཐོ་བཀོད་པ་དང་བློ་འདྲི་བྱས་ཡོད་པ་རེད།

    “སློབ་སྐྱོར་མཇུག་འགྲིལ་ནས་ལོག་སྐབས། ཕྲུ་གུ་ཚོས་ང་རང་ག་དུས་བོད་ལ་ལས་ཀ་བྱེད་པར་ཡོང་མིན་སྐད་ཆ་དྲིས་བྱུང་། རེ་བས་ཁེངས་པའི་སློབ་མ་དེ་ཚོའི་མིག་ཟུང་ལ་ལྟ་བཞིན། ང་རང་དེ་ནས་ཁ་འབྲལ་ཕོད་མ་བྱུང”ཞེས་ཁེ་ཁྲང་སུང་གིས་བཤད་པ་དང་། སློབ་སྐྱོར་བརྒྱུད་རིམ་གྱིས“སྐལ་བཟང་མེ་ཏོག”སློབ་སྐྱོར་རུ་ཁག་ཁག་གཉིས་པའི་རུ་མི་ཁེ་ཁྲང་སུང་བོད་ཀྱི་ས་གཞི་ཆེན་པོ་འདིར་དགའ་ཞེན་ཆེན་པོ་བྱུང་བ་དང་། 2016ལོར་སློབ་གྲྭ་ཐོན་རྗེས་ཁོ་བོས་བློ་ཐག་ཆོད་པོས་བོད་དུ་ལས་ཀ་བྱས་ནས་སྡོད་པའི་གདམ་ག་བྱས་པ་རེད།

    མ་ཡུམ་སློབ་གྲྭར་སྤྲིངས་པའི་ཡི་གེའི་ནང་ཁེ་ཁྲང་སུང་གིས“ད་ལྟ་ངས་ལེགས་སྐྱེས་འབུལ་ཐུབ་པ་ནི་ལང་ཚོ་ཡིན། མེས་རྒྱལ་གྱི་མཐའ་མཚམས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སུ་ང་ཚོ་ན་གཞོན་ཚོས་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་བྲིས་ཡོད་པ་དང་། མིག་སྔའི་བར་ཁེ་ཁྲང་སུང་དང་འདྲ་བའི་སློབ་སྐྱོར་རུ་མི་6གིས་བོད་དུ་ལས་ཀ་བྱེད་རྒྱུ་བདམས་ཡོད་པ་དང་། སློབ་སྐྱོར་རུ་ཁག་གི་སྙིང་སྟོབས་ཀྱི་འབོད་སྐུལ་འོག་ཧུའུ་པེ་རིག་གནས་རང་བྱུང་ཚན་རིག་སློབ་གླིང་གི་སློབ་ཐོན་སློབ་མ་31བོད་དུ་ལས་ཞུགས་ལས་གཏོད་བྱེད་པར་སླེབས་ནས་སྐལ་བཟང་མེ་ཏོག་ཇི་བཞིན་བོད་དུ་རྩ་བ་བརྟན་པོ་ཚུགས་པར་བྱས།

    ཕྲུ་གུ་ཚོའི་སེམས་ལ་རེ་བའི་ས་བོན་བཏབ་པ།

    “སྨི་ངོས་གྲུ་20ལས་མེད་པའི་ཁང་པ་ཆུང་ཆུང་ནི་ཕྲུ་གུ་ཚོའི་ཕུགས་འདུན་སྒྲུབ་གནས་ཡིན་ལ། ངས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱ་ཡུལ་ཞིག་ཀྱང་རེད”ཅེས་སློབ་སྐྱོར་རུ་མིས་བཤད་པ་དང་། རྨང་གཞི་ཞན་པའི་སློབ་མར་གསབ་ཁྲིད་བྱ་ཆེད། སློབ་སྐྱོར་རུ་མི་ཝང་སུང་དང་ཧོ་ཕེང་ཧྥན་གཉིས་ཀྱིས་སློབ་གྲྭར་སྨི་ངོས་གྲུ་20ཟིན་པའི་ཁང་པ་ཞིག་རེ་བ་ཞུས་པ་དང་། གསབ་ཁྲིད་བྱེད་རིམ་བཞིན་སློབ་མ་མང་པོ་ཡོད་པ་རེད།

    འབྲིང་རྒྱུགས་མ་བཏང་གོང་གི་ཟླ་གཅིག་གི་དུས་ཡུན་ནང་དགོང་མོའི་ཆུ་ཚོད་བཅུ་གཉིས་ཡོལ་ཀྱང་ཚང་མ་འདི་ག་ནས་ཁ་འབྲལ་མི་ཕོད་པ་དང་། སློབ་མ་མི་ཉུང་བ་ཞིག་གིས་ཉིན་གཅིག་ལ་ངལ་གསོ་ཆུ་ཚོད་ལྔ་དྲུག་ལས་རྒྱག་གི་མེད། ཤེས་བྱར་རེ་སྒུག་བྱེད་པའི་སློབ་མ་ཚོའི་མིག་ཟུང་མཐོང་སྐབས། ཧོ་ཕེང་ཧྥན་ལ་དཀའ་ལས་རྒྱག་རིན་ཡོད་པའི་མྱོང་ཚོར་ཞིག་བྱུང་བ་རེད། ཐེངས་འདིའི་འབྲིང་རྒྱུགས་ལ་འཕྱོངས་རྒྱས་རྫོང་སློབ་འབྲིང་གི་སློབ་མ་10ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་པ་དང་ཁོང་ཚོ་ཚང་མ་ཁང་ཆུང་དེར་གསབ་ཁྲིད་ལ་ཞུགས་མྱོང་ཡོད་པ་རེད།

    “བོད་རིགས་སློབ་མ་མང་ཆེ་བས་ཚན་རྩལ་གསར་གཏོད་སོགས་ཀྱི་བྱ་དངོས་ལ་དགའ་པོ་བྱེད་ཀྱི་འདུག སློབ་སྐྱོར་དགེ་རྒན་ནི་ཁོང་ཚོའི་གསར་གཏོད་ཀྱི་རེ་བ་སྐོང་མཁན་ཞིག་ཡིན་པས་ཁོང་ཚོའི་གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་གི་ཡོད”ཅེས་སློབ་སྐྱོར་རུ་མིས་བརྗོད་པ་དང་། ཁོང་ཚོའི་འབད་བརྩོན་འོག་འཕྱོངས་རྒྱས་རྫོང་སློབ་འབྲིང་གིས་ཚན་རྩལ་གསར་གཏོད་ཁང་བཙུགས་པ་དང་། གསར་གཏོད་ཁང་གི་སློབ་མར་འདི་ལོའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ལྷོ་ནུབ་འགྲན་ཁུལ་གྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་ཡོད་ཅིང་། “ངས་ཁོང་ཚོའི་སེམས་སུ་ཚན་རྩལ་གསར་གཏོད་ཀྱི་རེ་བའི་ས་བོན་བཏབ་ནས་འབྲས་བཟང་སྨིན་པའི་རེ་བ་ཡོད”ཅེས་སློབ་སྐྱོར་རུ་ཁག་ཁག་བརྒྱད་པའི་རུ་མི་ཕེང་ཅིན་ཀྲུའུ་ཡིས་བཤད་བྱུང་། “ལོ་རབས་90པའི་ནང་སྐྱེས་ཀྱི་དང་བླངས་པ་དེ་དག་གི་ལུས་ལ་ལེགས་སྐྱེས་འབུལ་བ་དང་དཀའ་སྤྱད་སྡུག་རུས་ཀྱི་དང་བླངས་པའི་སྙིང་སྟོབས་རྒྱུན་འཁྱོངས་དང་དར་སྤེལ་ཐུབ་ཡོད”ཅེས་1999ལོའི་ཧུའུ་པེ་ཞིང་ཆེན་གྱི་ཁག་གཉིས་པའི་བོད་སྐྱོར་སློབ་གྲྭ་ཆེ་མོ་བ་ཡིན་ལ། འཕྱོངས་རྒྱས་སློབ་འབྲིང་གི་སློབ་སྤྱི་ཡང་ཡིན་པའི་ཧོ་ཧྥེང་གིས་དེ་ལྟར་བསྔགས་བརྗོད་བྱས་པ་རེད།

    “‘སྐལ་བཟང་མེ་ཏོག’སློབ་སྐྱོར་རུ་ཁག་ནི་ཕུགས་བསམ་ཆེན་པོ་ལྡན་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། འགན་འཁྲི་འཁུར་ཕོད་པ། དཀའ་ངལ་ལ་མི་སྐྲག་པ། ཏན་ཏན་ཏིག་ཏིག་བཅས་ཀྱི་སྙིང་སྟོབས་ལྡན་པའི་རུ་ཁག་ཞིག་རེད། སྙིང་སྟོབས་དང་ཀུན་སྤྱོད་འདི་འདྲ་ནི་སློབ་སྐྱོར་བྱེད་རིང་སློབ་སྐྱོར་རུ་ཁག་ཁག་མང་པོས་གཅིག་སྒྲིལ་དང་རྒྱུན་འཛིན་བྱས་པ་ཞིག་རེད། ང་ཚོས་ཐོག་མའི་བསམ་འདུན་བསྲུངས་ནས་སྐལ་བཟང་མེ་ཏོག་གི་སྙིང་སྟོབས་བརྒྱུད་སྤྲོད་ཡག་པོ་བྱས་ཏེ། དང་བླངས་པའི་སྙིང་སྟོབས་ལག་ལེན་ཡག་པོ་བསྟར་གྱི་ཡིན”ཞེས་ཧུའུ་པེ་རིག་གནས་རང་བྱུང་ཚན་རིག་སློབ་གླིང་གི་ཏང་ཨུད་ཧྲུའུ་ཅི་ཐང་ཅུན་གྱིས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།