[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ས་སྲུང་མཐའ་བརྟན་ཡོང་བ་བྱེད་རྒྱུ་ནི་ང་ཚོས་སྒྲུབ་འོས་པའི་བྱ་བ་ཞིག་ཡིན”

    —— ལྷོ་བྲག་རྫོང་སྲས་ཤང་མཐའ་མཚམས་མི་སེར་གྱི་རྒྱལ་གཅེས་བརྩེ་སེམས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-25

    རྒྱལ་དར་དང་ཏང་རྟགས་ཀྱིས་འདི་ཁུལ་ནི་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ཡིན་པ་ཀུན་གྱིས་གསལ་རྟོགས་ཐུབ་པ་བྱས་ཡོད་ལ། ཡུལ་མི་ཚོར་རྗོགས་མཐའ་མེད་པའི་བསམ་པའི་སྟོབས་ཤུགས་དེ་བས་སྦྱིན་ནས་ཁོང་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ནམ་ཡང་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།

    རྒྱང་ལྟ་བྱེད་སྐབས། རྡོ་ཧྲུག་ལས་བརྩིགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་ཧ་ཅང་ཆེན་པོ་ཞིག་ལ་སྐེད་དུ་མངོན་གསལ་དོད་པོ་ཡོད་པ་དང་། ད་དུང་དེའི་ཉེ་འཁོར་དུ་ཆེ་ཆུང་སྣ་ཚོགས་ཀྱི་སྐར་ལྔའི་དར་དམར་གྱི་དབྱིབས་མཐོང་རྒྱུ་ཡོད། དེ་ནི་ལྷོ་བྲག་རྫོང་སྲས་ཤང་ཆུ་འཁྱིལ་སྨད་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཀོང་བྲག་ཕུ་མཐའ་མཚམས་གནས་སྤོས་ས་ཚིགས་རེད།

    གནས་སྤོས་ས་ཚིགས་ཀྱི་ཁང་པའི་སྒོ་རའི་ནང་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ལ་དེ་ཁུལ་གཙང་སྦྲ་དོད་པོ་ཞིག་འདུག ཀོང་བྲག་ཕུའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཚུལ་ཁྲིམས་རྒྱ་མཚོ་དང་ཡུལ་མི་འགའ་ཞིག་སྒོ་རའི་ནང་གསར་འགོད་པ་བསྒུགས་ནས་ཡོད་ཅིང་། 

    ཚུལ་ཁྲིམས་རྒྱ་མཚོས“མིག་སྔར་ང་ཚོའི་འདི་གར་དུད་ཚང་10ཡི་མི་20ཡོད། ད་ལྟ་ང་ཚོའི་མཐའ་མཚམས་མི་སེར་ཚང་མས‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’ནང་དོན་གསལ་པོ་ཤེས་ཀྱི་ཡོད། མཐའ་སྲུང་ཕྱུགས་འཚོ་ནི་འབྲོག་པའི་འགན་འཁྲི་ཡིན”ཞེས་ངོ་སྤྲོད་བྱས་བྱུང་།

    ཚུལ་ཁྲིམས་རྒྱ་མཚོས“ཀོང་བྲག་ཕུ་མཐའ་མཚམས་གནས་སྤོས་ས་ཚིགས་ནི་སྲས་ཤང་ས་ཁོངས་ཀྱི་མཐའ་མཚམས་ས་ཐིག་ཐོག་གི་སྲོལ་རྒྱུན་འབྲོག་ས་ཞིག་ཡིན་ཞིང་། ཆུ་འཁྱིལ་སྨད་གྲོང་ཚོ་དང་བར་ཐག་སྤྱི་ལེ་40ཆོད་པའི་རི་ཁུག་ཏུ་གནས་ཡོད། དེ་གར་ས་བབ་མཐོ་བ་དང་གནམ་གཤིས་ཞན་པས་གནས་སྤོས་ས་ཚིགས་མ་བསྐྲུན་གོང་སྡོད་མཁན་ཉུང་ཉུང་རེད”ཅེས་གསར་འགོད་པར་བཤད་བྱུང་། གནས་སྤོས་ས་ཚིགས་བསྐྲུན་རྗེས། ཤང་གིས་ཆུ་འཁྱིལ་སྨད་གྲོང་ཚོའི་ཡུལ་མི་འདི་གར་གནས་སྤོ་བྱ་རྒྱུའི་སྐུལ་སློང་བྱས་ཤིང་། སྲས་ཤང་གི་དྲིལ་བསྒྲགས་ཨུ་ཡོན་ལུའོ་ཀྲེང་ཅིན་གྱིས“ང་ཚོའི་བསམ་པར་རང་འགུལ་ངང་གནས་སྤོའི་མིང་ཐོ་འགོད་མཁན་ཡོང་གི་རེད་བསམས་བྱུང་། ཧང་སངས་དགོས་པ་ཞིག་ལ། མིང་ཐོ་འགོད་མཁན་ཧ་ཅང་མང་པོ་འདུག”ཅེས་བཤད་བྱུང་། ཁོང་གིས་མིག་སྔར་དུད་ཚང་40ཡི་མི་100ལྷག་ཙམ་གྱིས་རང་མོས་ངང་མིང་ཐོ་བཀོད་ཡོད། ཡིན་ནའང་གནས་སྤོས་ས་ཚིགས་སུ་མི་མང་པོ་དེ་འདྲ་ཤོང་གི་མེད། ཁག་དང་པོར་དུད་ཚང་5ཡི་མི་10སྤོས་ཡོད་པ་དང་། ཁག་གཉིས་པར་སླར་ཡང་དུད་ཚང་5ཡི་མི་10སྤོས་ཡོད་ཅེས་བཤད་བྱུང་།

    “ཁྱེད་ཚོ་མིང་ཐོ་བཀོད་ནས་འདི་གར་ཡོང་དོན་ཅི་ཡིན་ནམ”ཞེས་འདྲི་སྐབས། ཡུལ་མི་འཕྲིན་ལས་རྣམ་རྒྱལ་གྱིས“‘སྣང་ཆེན་བཞི་དང་དགའ་ཞེན་བཞི’སྒྲོག་འགྲེལ་བྱེད་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ་འཕྲིན་ལན་སྤྲིངས་པའི་སྐོར་གོ་ཐོས་བྱུང་། ཁོང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་ནི་མི་སེམས་འགུལ་བ་ཞིག་འདུག་པས་ངས་ཀྱང་ཁོང་གཉིས་ལྟར་བྱེད་ཀྱི་ཡིན”ཞེས་བཤད་པ་དང་། ང་ཚོའི་འཁྲིས་སུ་ཡོད་པའི་ཡུལ་མི་འཕྲིན་ལས་ནོར་བུས་ཀྱང“ངའི་བསམ་པར་ས་སྲུང་མཐའ་བརྟན་བྱེད་རྒྱུ་ནི་ང་ཚོས་སྒྲུབ་འོས་པ་བྱས་བ་ཞིག་ཡིན”ཞེས་བཤད་བྱུང་།

    ལུའོ་ཀྲེང་ཅིན་གྱིས“ལོ་དེ་དག་རིང་ཤང་གིས‘གྲོས་བསྡུར་རྣམ་པའི་ཇུས་འགོད་དང་། སྡེ་ཚན་རྣམ་པའི་དོ་དམ། བྱང་འགེལ་རྣམ་པའི་སྐུལ་འདེད། རྩིས་ཁྲ་རྣམ་པའི་དཔྱད་ཞིབ’བཅས་གོམ་སྟབས་བཞི་ལ་དབྱེ་ནས་སྐྱོད་པའི་ལས་ཀའི་བྱ་ཐབས་སྤྱད་དེ‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བས་ཕན་འབྲས་བཟང་པོ་ཐོན་སོང་། ད་ལྟ་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ཧ་ཅང་ཡག་ཏུ་ཕྱིན་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ས་ཆའི་འདུ་ཤེས། མཐའ་སྲུང་གི་འདུ་ཤེས་བཅས་ཚང་མ་ཟབ་ཏུ་ཕྱིན་པས་རང་འགུལ་ངང་མཐའ་སྲུང་བྱེད་པར་མིང་ཐོ་འགོད་མཁན་ཡུལ་མི་ཧ་ཅང་མང་པོ་འདུག”ཅེས་བཤད་བྱུང་།

    ཚུལ་ཁྲིམས་རྒྱ་མཚོས“ལོ་རེའི་ཟླ་11པར། ང་ཚོའི་འདི་ཁུལ་དུ་གངས་ཆེན་པོ་བབས་ནས་ས་ཆ་གཞན་དུ་སྐྱོད་ཐབས་བྲལ། གངས་མཐུག་ཚད་སྨི་1ཙམ་ཟིན་པས་ཡུལ་མི་ཚོས་རྐང་ཐང་མར་རི་ལ་འཛེགས་ནས་ས་བབ་མཐོ་ཚད་སྨི་4600ལྷག་ཙམ་ཟིན་པའི་རི་སྟེང་དུ་གངས་འཕྱག་གིན་སྐོར་ཞིབ་བྱེད་ཀྱི་ཡོད། ཁོང་ཚོའི་རྐང་ལག་འཁྱག་སྦོས་ཐེབས་པའི་གནས་ཚུལ་རྟག་ཏུ་མཐོང་རྒྱུ་ཡོད། ཡིན་ནའང་དེ་ལྟར་ཡིན་རུང་ས་སྲུང་མཐའ་བརྟན་བྱེད་པའི་ང་ཚོའི་ཆོད་སེམས་ལ་འགྱུར་བ་མེད”ཅེས་བཤད་བྱུང་། ཁ་བ་ལྷབ་ལྷུབ་ཏུ་འབབ་ཞིང་གྲང་ངར་ཆེ་བའི་དགུན་དུས་ཡིན་ནའང་འདྲ། ཡང་ན་ཆར་རླུང་འཚུབ་པའི་དབྱར་དུས་གང་ཞིག་ཡིན་རུང་། ཁོང་ཚོས་རི་སྐོར་མཐའ་སྲུང་གི་གོམ་སྟབས་མཚམས་འཇོག་བྱེད་མྱོང་མེད།

    ཚུལ་ཁྲིམས་རྒྱ་མཚོའི་སྣེ་ཁྲིད་འོག་གསར་འགོད་པ་དང་བཅས་པ་ཏང་རྟགས་ཧ་ཅང་ཆེན་པོ་དེའི་འགྲམ་དུ་བསྐྱོད་ནས་ཀོང་བྲག་ཕུའི་མང་ཚོགས་ཀྱི་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་མྱོང་ཚོར་བྱས་པ་ཡིན། ཚུལ་ཁྲིམས་རྒྱ་མཚོས་རྒྱལ་དར་དང་ཏང་རྟགས་བཟོ་རྒྱུ་དེ་ང་ཚོའི་ཏང་ཀྲི་པུས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་སྐབས་ཚང་མས་མཉམ་དུ་བསམ་གཞིག་བྱས་པ་ཞིག་རེད། ཁ་བཤད་ལག་བསྟར་ཞེས་པ་ལྟར་ཡུལ་མི་འགའ་རེས་ས་སྟེང་དུ་རི་མོ་བྲིས་པ་དང་། ལ་ལས་རྡོ་དབོར་བ། ཁ་ཤས་ཀྱིས་རྡོ་ལ་ཚོན་གཏོང་བ་སོགས་ཀྱི་ལས་ཀ་བྱས་མཐར་ཉིན་20ལྷག་ཙམ་སོང་རྗེས་རྒྱལ་དར་དང་ཏང་རྟགས་བཟོ་བའི་ལས་ཀ་ལེགས་གྲུབ་བྱུང་སོང་ཞེས་བཤད་བྱུང་།

    རྒྱལ་དར་དང་ཏང་རྟགས་ཀྱིས་འདི་ཁུལ་ནི་མེས་རྒྱལ་ཀྱི་བླ་ན་མེད་པའི་མངའ་ཁོངས་ཡིན་པ་ཀུན་གྱིས་རྟོགས་ཐུབ་ལ། ཡུལ་མི་ཚོར་རྫོགས་མཐའ་མེད་པའི་བསམ་པའི་སྟོབས་ཤུགས་དེ་བས་སྦྱིན་ནས་ཁོང་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ནམ་ཡང་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།