[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མངའ་རིས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

     ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། “ལས་ཞུགས་བརྟན་པོ”ཡོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། བྱེད་ཐབས་མང་པོ་དང་རྣམ་པ་སྣ་ཚོགས་སྤྱད་དེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་འགན་ལེན་དང་སྐུལ་འདེད་བཏང་ནས། མཐོ་སློབ་སློབ་ཐོན་སློབ་མར་སྤུས་ཚད་དེ་བས་མཐོ་བ་དང་དེ་བས་ལེགས་པའི་སྒོ་ནས་ལས་ཞུགས་ཐུབ་ཐབས་བྱས་པ་རེད།

    ཆེད་དོན་འཛིན་གྲྭ་བཙུགས་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་ཤིང་། ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གྱིས་ཙུའུ་ཀྲང་བྱེད་པ་དང་། མི་སྤྱི་དང་སློབ་གསོ་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་ཁོངས་མི་བྱེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཆེད་འགན་འཁུར་མཁན་ལས་གྲུབ་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཆེད་དོན་འཛིན་གྲྭ་བཀོད་སྒྲིག་བྱས་ཏེ། རྒྱུན་གཏན་གྱི་ལས་དོན་ལ་འགན་ཁུར་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་སྤྱི་འདོམས་དམ་འཛིན་བྱ་རྒྱུའི་འགན་ལེན་བྱས་པ་རེད།

    ལས་ཞུགས་ཞབས་ཞུ་དང་མཛུབ་སྟོན་ལ་ཤུགས་སྣོན་བརྒྱབ་ཅིང་། ལས་ཞུགས་ལས་གཏོད་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས། ས་ཁུལ་གྱི་ལོ་འདི་གའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་དང་། དེ་བཞིན་ཐེམ་ཁུངས་མངའ་རིས་ནས་ཡིན་པའི་ནང་སའི་མཐོ་སློབ་སློབ་ཐོན་སློབ་མ་དང་ཁྱིམ་བདག་ལ་མིག་སྔའི་ལས་ཞུགས་ལས་གཏོད་ཀྱི་དུས་བབ་དང་ལས་ཞུགས་ལས་གཏོད་ཀྱི་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་བྱས་པ་དང་། ལྗོངས་ཕྱིའི་ལས་ཞུགས་འཐུས་མིས་ལས་ཞུགས་ཉམས་མྱོང་མཉམ་སྤྱོད་བྱེད་པ། ལས་གཏོད་སློབ་གྲྭ་ཆེ་མོ་བའི་འཐུས་མིས་ལས་གཏོད་བརྒྱུད་རིམ་མཉམ་སྤྱོད་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལྟ་བར་འགྱུར་ལྡོག་ཐུབ་རྒྱུར་ཁྲིད་སྟོན་བྱས་པ་རེད།

    སྲིད་ཇུས་དོན་འཁྱོལ་བྱས་ཏེ་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་བརྗོད་དོན་གཙོ་བོའི་གདན་ཞུའི་ཚོགས་འདུ་འཚོགས་ནས་གཞུང་ཁོངས་ཁེ་ལས་དང་། བྱ་གཞག་ཚན་པ། སྲིད་འཛིན་ལས་གནས་བཅས་ཁྱོན་400ལྷག་ཙམ་མཁོ་འདོན་བྱས་ནས། ལས་ཞུགས་ཀྱི་ཐབས་ལམ་སྔར་བར་རྒྱ་ཆེར་བཏང་སྟེ་སློབ་ཐོན་སློབ་མའི་ལས་བསྡུ་དང་ལས་གནས་མཁོ་འདོན་སོགས་ཀྱི་གནད་སྨིན་ལས་ཞུགས་ཞབས་ཞུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ལྷག་པར་དུ་ལས་རིགས་ངོ་སྤྲོད་དང་། ལས་རིགས་མཛུབ་སྟོན། སྲིད་ཇུས་བློ་འདྲི། དེ་བཞིན་སྲིད་ཇུས་དོན་འཁྱོལ་སོགས་ཐད་ཀྱི་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་པ་རེད། ལས་ཞུགས་ཐད་མངའ་རིས་ས་ཁུལ་གྱིས་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མས་གཉེར་བའི་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་མ་རྩ་དངུལ་སྒོར་ཁྲི་5སྤྲད་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་2སམ་དེ་ཡན་གྱི་སློབ་མས་མཉམ་དུ་གཉེར་བའི་ཁེ་ལས་ལ་མི་རེར་སྒོར་ཁྲི་5ཡི་ཁ་གསབ་སྤྲད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།