[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་པར་རྒྱག་དང་། ཡིག་གཟུགས། རི་མོ། རྩོམ་རིག་བཅས་ཀྱི་བརྩམས་ཆོས་ལ་བྱ་དགའ་སྤྲོད་པའི་རྩོམ་བསྡུའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-08

    འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་རེད། 《〈ལྗོངས་ཡོངས་སུ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ལས་དོན་ཇུས་གཞི〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ ལྗོངས་སློབ་གསོ་ཐིང་། ལྗོངས་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱི་བརྡ་ཐོའི》(བོད་མི་ཨུད[2019]ཡིག་ཨང་33)དགོངས་དོན་དང་དེ་བཞིན“གཅིག་རེ་དྲུག”གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བའི་ཞིབ་ཕྲའི་བླང་བྱ་ལྟར་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་བྱེད་སྒོའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སྤྱི་ཚོགས་ཡོངས་སུ་སྐད་གསང་མཐོན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསྟོད་གླུ་འབུལ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་བཤད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲང་ནུས་བརྒྱུད་བསྒྲགས་བཅས་བྱེད་ཆེད། མི་རིང་བར། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་དང་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་གཙོ་གཉེར་དང་། རང་སྐྱོང་ལྗོངས་རྩོམ་པ་པོའི་མཐུན་ཚོགས་དང་། རང་སྐྱོང་ལྗོངས་པར་རྒྱག་མཁས་ཅན་མཐུན་ཚོགས། རང་སྐྱོང་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས། རང་སྐྱོང་ལྗོངས་རི་མོ་མཁས་ཅན་མཐུན་ཚོགས། བོད་ལྗོངས་སྨྱན་སྦྱོར་ཚོགས་པ་བཅས་ཀྱིས་རོགས་གཉེར་བྱས་པའི“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་བརྗོད་དོན་གཙོ་བོའི་པར་རྒྱག་དང་། ཡིག་གཟུགས། རི་མོ། རྩོམ་རིག་བཅས་ཀྱི་བརྩམས་ཆོས་ལ་བྱ་དགའ་སྤྲོད་པའི་རྩོམ་བསྡུའི་བྱེད་སྒོ་དངོས་སུ་འགོ་ཚུགས་རྒྱུ་རེད།

    ཐེངས་འདིའི་རྩོམ་བསྡུའི་བྱེད་སྒོའི་བརྩམས་ཆོས་ཀྱིས་ངེས་པར་དུ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་མངོན་པ་དང་། མི་རིགས་མཐུན་སྒྲིལ་བརྗོད་བྱར་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་མཚོན་པ། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ཏེ། བརྩེ་སེམས་འཆང་ཞིང་འགན་འཁྲི་འཁུར་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལས་མཐའ་གཅིག་ཏུ་རྒྱལ་བར་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལས་ཞུགས་དང་ལས་གཏོད་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ། སློབ་གསོ་དང་སྨན་བཅོས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གིས་མཉམ་སྡོད་མཉམ་སྦྱོང་དང་མཉམ་ལས་མཉམ་རོལ་ཁྲོད་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བཅས་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་མཚོན་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མང་ཚོགས་ཚོའི་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ་དང་འཚོ་བ་གསར་པ་མཚོན་པ་བཅས་བྱས་ཏེ། ཏང་ལ་བསྟོད་གླུ་འབུལ་བ་དང་། རླབས་ཆེན་གྱི་མེས་རྒྱལ་ལ་བསྟོད་གླུ་འབུལ་བ། བོད་ལྗོངས་གསར་པར་བསྟོད་གླུ་འབུལ་བ། མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་འབུལ་བ་སོགས་ཀྱི་ནང་དོན་གྱིས་བརྗོད་དོན་གཙོ་བོར་བྱེད་དགོས།

    ཐེངས་འདིའི་རྩོམ་བསྡུའི་བྱེད་སྒོ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་པར་རྒྱག་དང་། ཡིག་གཟུགས། རི་མོ། རྩོམ་རིག་བཅས་ལ་དགའ་པོ་བྱེད་མཁན་ཚོར་ཕྱོགས་པས་ཚང་མས་འཚང་ཁ་ཤིག་ཤིག་ངང་བརྩམས་ཆོས་བསྐུར་རྒྱུར་དགའ་བསུ་ཞུ།

    པར་རིས་བརྩམས་ཆོས།

    1.ངེས་པར་དུ་མི་རིགས་མཐུན་སྒྲིལ་གྱི་ནང་དོན་མཚོན་པའི་མ་རྩོམ་བརྩམས་ཆོས་ཡིན་དགོས་པ་དང་། རྩོམ་པ་པོ་རེར་བརྩམས་ཆོས་2ཚད་བཀག་བཟོ་རྒྱུ།

    2.བསྐུར་ཡོང་བའི་གློག་རྡུལ་པར་རིས་ནི་པར་རྒྱུ་3000ལས་མི་དམའ་བའི་པར་རིས་རྐྱང་པའམ་ཡང་ན་ཚན་སྡེབ་བརྩམས་ཆོས་ཡིན་དགོས་ལ་ཚན་སྡེབ་པར་རིས་དང་པར་རིས་རྐྱང་པ་གང་ཡིན་རུང་བརྩམས་ཆོས་གཅིག་ལ་བརྩི་རྒྱུ། རྩོམ་པ་པོས་སོ་སོའི་བརྩམས་ཆོས་ལ་ཁ་བྱང་བཟོ་དགོས་པ་དང་འབྲེལ་པར་རིས་འགྲེལ་བཤད་དང་ཡང་ན་པར་རིས་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་འབྲི་དགོས།

    3.པར་རིས་ཚད་གཞི་JPEGཡིན་དགོས་ལ། པར་རིས་རྙིང་པ་བཤེར་འབེབས་བྱས་པའི་གློག་རྡུལ་པར་རིས་ཀྱི་སྤུས་ཚད་3MBལས་མི་དམན་པ་དགོས། ཚོན་ཁྲ་ཡོད་མེད་གང་ཡིན་ཡང་ཆོག

    4.བསྐུར་བའི་པར་རིས་ཚང་མ་ངེས་པར་དུ་རང་ཉིད་གཅིག་པུས་ལེགས་སྒྲུབ་བྱས་པ་ཡིན་དགོས་པ་མ་ཟད། ད་དུང་རྩོད་གཞི་མེད་པའི་བརྩམས་ཆོས་བདག་དབང་དང་འདྲ་པར་བདག་དབང་ཡང་ཡོད་དགོས།

    ཡིག་གཟུགས་བརྩམས་ཆོས།

    1.ངེས་པར་དུ་མ་རྩོམ་བརྩམས་ཆོས་ཡིན་དགོས་པ་དང་། མི་རེར་བརྩམས་ཆོས་2ཚད་བཀག་བཟོ་རྒྱུ། ཡིག་གཟུགས་དང་རི་མོའི་བརྩམས་ཆོས་གང་ཡིན་ཡང་གཙོ་བོ་གཞུང་ཕྲེང་ལྟར་བྲིས་པའི་མ་རྩོམ་བརྩམས་ཆོས་ཡིན་དགོས། ཆེ་ཤོས་ལ་138cm×68cmལས་མི་བརྒལ་བ་དང་ཆུང་ཤོས་ལ་68cm×68cmཡིན་དགོས།

    2.ཡིག་གཟུགས་བརྩམས་ཆོས་ཀྱི་ཡིག་གཟུགས་ལ་ཚོད་འཛིན་མེད། བོད་ཡིག་གི་ཡིག་གཟུགས་ཡིན་ན་ཞོར་ལ་རྒྱ་ཡིག་གི་གསལ་འགྲེལ་བྱེད་དགོས།

    3.ཡིག་གཟུགས་བརྩམས་ཆོས་ནི་ངེས་པར་དུ་འགྲེམས་སྟོན་དང་གཏོང་སྤེལ་མ་བྱས་པའི་གསར་རྩོམ་ཡིན་དགོས། བྱེད་སྒོ་མཇུག་བསྒྲིལ་རྗེས་ཚང་མ་རྩོམ་པ་པོར་ཕྱིར་སློག་བྱ་རྒྱུ།

    རི་མོའི་བརྩམས་ཆོས།

    1.རི་མོའི་བརྩམས་ཆོས་དེ་རྒྱལ་ཁབ་ཀྱི་རི་མོ་དང་སྣུམ་ཚོན་རི་མོ་གཙོ་བོར་བྱེད་པ་དང་།

    2.རྒྱན་སྤྲས་རྗེས་ཀྱི་ཆེ་ཆུང་དེ་200cm×200cmལས་བརྒལ་མི་ཆོག

    3.རི་མོའི་བརྩམས་ཆོས་ནི་ངེས་པར་དུ་འགྲེམས་སྟོན་དང་གཏོང་སྤེལ་མ་བྱས་པའི་གསར་རྩོམ་ཡིན་དགོས། བྱེད་སྒོ་མཇུག་བསྒྲིལ་རྗེས་ཚང་མ་རྩོམ་པ་པོར་ཕྱིར་སློག་བྱ་རྒྱུ།

    རྩོམ་རིག་བརྩམས་ཆོས།

    1.ཉེ་འགྲམ་གྱི་མི་རིགས་མི་འདྲ་བའི་དབར་གྱི་ཟོལ་མེད་བརྩེ་སེམས་དང་། མི་སེམས་འགུལ་བའི་གཏམ་རྒྱུད། ཕན་ཚུན་རོགས་རེས་བཅས་ཀྱི་དཔེ་མཚོན་གཙོ་བོར་བྱེད་དགོས་པ།

    2.བོད་ཀྱི་མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་དྲན་གསོའི་རིགས་ཀྱི་ལྷུག་རྩོམ་དང་གནས་ཚུལ་དངོས་མཚོན་རིགས་ཀྱི་རྩོམ་ཡིག་སོགས།

    3.བོད་ཀྱི་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་འབུལ་བའི་སྙན་ངག་སོགས་འབྲེལ་ཡོད་བརྩམས་ཆོས།

    4.རྩོམ་རིག་བརྩམས་ཆོས་ཀྱི་རྩོམ་སྲོལ་བབ་ཆགས་དང་། ཇི་བཞིན་བརྗོད་པའི་རྩོམ་ཡིག་གཙོ་བོར་བྱེད་པ། བོད་རྒྱ་ཡིག་འབྲུ་3000ནང་ཚུན། སྙན་ངག་ཚིག་རྐང་30ནང་ཚུན་བཅས་ཡིན་དགོས་པ།

    5.བསྐུར་བའི་བརྩམས་ཆོས་དེ་དག་ལ་གཞན་གྱི་བརྩམས་ཆོས་བདག་དབང་དང་། པར་དབང་། མིང་གྲགས་ཐོབ་དབང་བཅས་ལ་གནོད་འཚེ་གཏོང་བའི་གནད་དོན་ཡོད་མི་རུང་། བརྩམས་ཆོས་ལས་བྱུང་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཚང་མ་རྩོམ་པ་པོས་འཁུར་དགོས།

    གོང་གསལ་བསྐུར་བའི་རྩོམ་རིག་དང་། པར་རིས། ཡིག་གཟུགས། རི་མོའི་བརྩམས་ཆོས་བཅས་ཀྱིས་ཕྱོགས་ག་པའི་བརྩམས་ཆོས་བདག་དབང་ལ་གནོད་འཚེ་གཏོང་མི་རུང་བ་དང་དེ་ལས་འགལ་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས། བརྩམས་ཆོས་བསྐུར་སྐབས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་རྩོམ་བསྡུའི་ཡི་གེ་འགོད་དགོས་པ་དང་འབྲེལ་བརྩམས་ཆོས་ཐོག་རྩོམ་ཡིག་བསྐུར་བའི་རིགས(པར་རིགས་དང་། ཡིག་གཟུགས་རིགས། རི་མོའི་རིགས། རྩོམ་རིག་བརྩམས་ཆོས་རིགས)འགོད་དགོས། ད་དུང་བརྩམས་ཆོས་བསྐུར་མཁན་གྱི་མིང་དང་། ལས་ཁུངས། ས་གནས། དེ་བཞིན་འབྲེལ་གཏུག་ཁ་པར་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་འབྲི་དགོས། བརྩམས་ཆོས་བསྐུར་སའི་སྦྲག་སྒམ། cloudroy@sina.com འབྲེལ་གཏུག་བྱེད་མི། དབང་ཆེན། འབྲེལ་གཏུག་ཁ་པར་ཨང་གྲངས། 13996479639 ས་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་བྱང་ལམ་སྒོ་རྟགས་36(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས) དོ་སྣང་བྱེད་དགོས་པ་ཞིག་ནི། པར་རིས་ཀྱི་རིགས་དང་། ཡིག་གཟུགས་ཀྱི་རིགས། རི་མོའི་རིགས་ཀྱི་བརྩམས་ཆོས་བསྐུར་མཚམས་འཇོག་པའི་དུས་ཚོད་ནི་ཟླ་9ཚེས་30ཉིན་བར་ཡིན་པ་དང་། རྩོམ་རིག་རིགས་ཀྱི་བརྩམས་ཆོས་བསྐུར་མཚམས་འཇོག་པའི་དུས་ཚོད་ནི་ཟླ་10ཚེས་31ཉིན་བར་ཡིན།

    ང་ཚོས་ཕུལ་བྱུང་བརྩམས་ཆོས་ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དུད་སྣེ། མྱུར་འཚོལ་བོད་ལྗོངས་དྲ་བ། བོད་ལྗོངས་ཚོང་འཕྲིན་ཚགས་པར་སོགས་ཀྱི་སྨྱན་སྦྱོར་ཐོག་བསྟུད་མར་འདོན་རྒྱུ་དང་སྦྲགས་ཆེད་མངགས་འགྲེམས་སྟོན་བྱ་རྒྱུ། ད་ཐེངས་ཀྱི་རྩོམ་བསྡུའི་བྱེད་སྒོར་པར་རིས་དང་། ཡིག་གཟུགས། རི་མོ། རྩོམ་རིག་བཅས་ཀྱི་བརྩམས་ཆོས་ལ་བྱ་དགའ་རིམ་པ་དང་པོ་1དང་། བྱ་དགའ་རིམ་པ་གཉིས་པ་2 བྱ་དགའ་རིམ་པ་གསུམ་པ་5 གྲལ་སྐོར་བྱ་དགའ་12བཅས་བདམས་རྒྱུ་དང་ཆབས་ཅིག་བྱ་དགའི་ལག་ཁྱེར་དང་བྱེད་སྒོའི་དྲན་གསོའི་དེབ་སྤྲོད་རྒྱུ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།