[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བདེ་སྐྱིད་སྡེ་ཁུལ་ནང་གི་བདེ་སྐྱིད་ལྡན་པའི་འཚོ་བ།

    —— བསམ་གྲུབ་རྩེ་ཆུས་བདེ་སྐྱིད་སྡེ་ཁུལ་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོཌ་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-09

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་དུ་སྐྱོད་སྐབས་མ་ལམ་གྱི་གཡས་གཡོན་དུ“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”ཞེས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་སྦྱར་ཡིག་གང་སར་བཀལ་ཞིང་། ཁྱིམ་དུད་རེ་རེས་རྒྱལ་དར་དགུང་དུ་བསྒྲེངས་པ་དང་། གྲོང་མི་ཚོས་སྒོ་རའི་ནང་ཉི་མ་སྲོ་བཞིན་དུ་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པའི་དགའ་སྤྲོའི་དགོད་སྒྲ་གསར་འགོད་པའི་རྣ་ལམ་དུ་ག་ལེར་ཐོས་འོང་།

    མཐོང་ཚོར་དང་པོ། 

    རྒྱལ་དར་བསྒྲེངས་ཤིང་དར་ལྕོག་ཕབ་པ།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། བདེ་སྐྱིད་སྡེ་ཁུལ་གྱིས་མང་ཚོགས་ཀྱི་ཏང་གཅེས་རྒྱལ་གཅེས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་གཟའ་འཁོར་རེར་རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་ལེན་པ། རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་སྟོན་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་མང་ཚོགས་ཀྱིས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ཏང་གི་བཀའ་དྲིན་ལས་བྱུང་བ་སྔར་བས་རྟོགས་པར་བྱས་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དྲིལ་བསྒྲགས་སློབ་གསོའི་ཤུགས་རྐྱེན་འོག་སྡེ་ཁུལ་གྱི་གྲོང་མིའི་ཏང་གཅེས་རྒྱལ་གཅེས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་སོང་ནས་ཚང་མས་རང་འགུལ་ངང་རྒྱལ་དར་བསྒྲེངས་པ་དང་རང་ཁྱིམ་གྱི་དར་ལྕོག་ཕབ་ནས་ཏང་དང་མེས་རྒྱལ་ལ་དགའ་ཞེན་ཚད་མེད་བྱེད་ལུགས་མཚོན་པ་བྱས་ཡོད། ད་ཆ་བདེ་སྐྱིད་སྡེ་ཁུལ་དུ་དར་ལྕོག་གཅིག་ཀྱང་མཐོང་རྒྱུ་མེད་པར་ཚང་མའི་ཁང་ཐོག་སྟེང་དུ་རྒྱལ་དར་བཀལ་བས། ངོ་མཚར་ཆེ་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    མཐོང་ཚོར་གཉིས་པ། 

    མཐུན་སྒྲིལ་ལས་མི་སེམས་དྲོས། རོགས་རེས་ལས་དཀའ་གནད་སེལ།

    བདེ་སྐྱིད་སྡེ་ཁུལ་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”འགན་ཁུར་བ་ཚེ་རིང་ལྷ་མོས་གསར་འགོད་པར“ང་ཚོའི་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་8ཡོད། ད་དུང་དུད་ཚང་22ནི་མི་རིགས་མི་འདྲ་བའི་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་རེད། སྡེ་ཁུལ་གྱིས་དེ་སྔོན་ནས་བཟུང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་དང་ཕན་ཚུན་རོགས་རམ་བྱེད་པའི་འདུ་ཤེས་དར་སྤེལ་བཏང་བས་མི་རིགས་ཁག་ཞི་མཐུན་མཉམ་གནས་བྱུང་ཡོད”ཅེས་བཤད་བྱུང་།

    སྡེ་ཁུལ་ཚལ་ཁྲོམ་གྱི་རྒྱ་རིགས་སྦྱིན་བདག་ཀུའོ་ཅ་ལི་ནི་བདེ་སྐྱིད་སྡེ་ཁུལ་གྱི་མི་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བ་དང་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་ཡིན། ཁོང་གིས་རྒྱུན་དུ་གྲོང་མིར་ལས་ཞུགས་ལས་གནས་མཁོ་འདོན་བྱེད་པ་དང་ལས་ཀ་ངོ་སྤྲོད་སོགས་རོགས་རམ་བྱེད་ཀྱི་ཡོད། “ལོ་30གོང་ང་རང་ཁེར་རྐྱང་བོད་དུ་ཡོང་བ་ཡིན། སྐབས་དེ་དུས་ང་རང་ཆགས་ས་བརྟེན་ས་མེད་ལ། དཀའ་ངལ་ཡང་མང་པོ་འཕྲད་བྱུང་། དགའ་འོས་པ་ཞིག་ལ་དེ་གའི་གྲོང་མིས་ང་ལ་རོགས་རམ་དང་ལྟ་རྟོག་བྱས་ཏེ་གཞི་ནས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་། ང་རང་དེ་གའི་གྲོང་མིར་བརྩེ་དུང་ཟབ་མོ་ཡོད་ལ། ཁོང་ཚོ་ང་རང་གི་ནང་མི་ལྟ་བུར་བརྩི་ཡི་ཡོད། དེར་བརྟེན་ཁོང་ཚོར་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་སྒྲུབ་འདོད་ཡོད”ཞེས་ཀུའོ་ཅ་ལི་ཡིས་སྐད་ཆ་དེ་དག་ཤོད་ཀྱིན་དུ་ཞལ་ནས་འཛུམ་མདངས་འཕྱུར།

    མཐོང་ཚོར་གསུམ་པ། 

    རིག་གནས་བྱེད་སྒོ་མང་པོ་སྤེལ། བསམ་བློ་གསར་པ་དྲིལ་བསྒྲགས་བྱེད།

    དྲ་ཐོག་ལྟ་ཀློག་ཁང་དུ་གསར་འགོད་པས་དཔེ་ཀློག་བྱེད་བཞིན་པའི་བུ་ཆུང་མཐོང་བྱུང་། ཁོང་གིས“སྡེ་ཁུལ་དུ་ད་ལྟ་བྱེད་སྒོ་ཁང་མང་པོ་ཡོད་པས་གྲོང་མིའི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད། དུས་རྒྱུན་ངས་དུས་ཁོམ་ཡོད་དུས་དེ་གའི་ལྟ་ཀློག་ཁང་དུ་དེབ་ཀློག་པ་དང་གློག་ཀླད་སྤྱོད་སྟངས་སྦྱངས་ནས་དུས་རབས་ཀྱི་གོམ་སྟབས་རྗེས་སྙེག་བྱེད་ཀྱི་ཡོད་པས། དངོས་གནས་སྐྱིད་པོ་འདུག”ཅེས་བཤད་བྱུང་།

    བདེ་སྐྱིད་སྡེ་ཁུལ་གྱི་ལས་དོན་མི་སྣ་སྐར་མས“དྲ་ཐོག་ལྟ་ཀློག་ཁང་དང་། ཕིང་ཕང་སྤོ་ལོ་རྒྱག་ས། རོལ་རྩེད་ཁང་སོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་ཡུལ་ཡོད་པ་ཕུད། སྡེ་ཁུལ་དུ་ད་དུང་བོད་གསར་རྙིང་བསྡུར་བའི་འགྲེམས་སྟོན་ཁང་ཡང་བཙུགས་པས། སྡེ་ཁུལ་གྱི་གྲོང་མིའི་བཀའ་དྲིན་ཚོར་སེམས་ཆེ་རུ་གཏོང་བ་དང་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་འཛིན་བྱ་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།

    གཞན་ཡང་། མི་20ལས་གྲུབ་པའི་སྡེ་ཁུལ་གྱི་རིག་རྩལ་རུ་ཁག་གིས་འདི་ལོའི“3·28”དང“བདུན་གཅིག”རིག་རྩལ་འཁྲབ་སྟོན་ལེགས་གྲུབ་བྱས་ཡོད། ད་ལྟ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་ནང་སྦྱོང་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།