[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-01

    ལོ་ངོ་བདུན་ཅུའི་གོང་གི་ཟླ་10ཚེས་1ཉིན། སྐར་ལྔའི་དར་དམར་དང་པོ་དེ་དལ་གྱིས་བསྒྲེངས། གསར་དུ་དབུ་བརྙེས་པའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཉི་གཞོན་བསུ་བཞིན་མདུན་དུ་བསྐྱོད། ལམ་བར་དུ་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁའི་གླུ་དབྱངས་བླངས་ནས་མདུན་སྐྱོད་ཀྱིས་རྒྱལ་ཁ་རེ་རེ་གནའ་བོའི་ས་གཞི་འདིར་བཀོད།

    ལོ་ངོ་བདུན་ཅུའི་རྗེས། སླར་ཡང་ཟླ་10ཚེས་1ཉིན་གྱི་ཞོགས་པའི་ཉི་གཞོན་བསུ་བཞིན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལམ་ཆས་ཁུར་ཏེ་སླར་ཡང་རྡོག་ཐོན་བྱས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་རྒྱུས་རང་བཞིན་གྱི་དུས་འདིར། ཀྲུང་ཧྭ་བུ་ཕྲུག་དུང་ཕྱུར་14ཙམ་གྱིས་དགའ་སྤྲོ་དང་སྤོབས་སེམས་ཆེན་པོས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུས་ནས་རླབས་ཆེན་མེས་རྒྱལ་གྱི་གཟི་བརྗིད་འོད་ཟེར་མཉམ་དུ་ལོངས་སུ་སྤྱད།

    དུས་ཚོད་ནི་རླབས་ཆེན་གྱི་ཡིག་མཁན་ཞིག་ཡིན་པས། བརྒྱུད་མྱོང་བའི་རྐང་རྗེས་དང་ལོ་རྒྱུས་ཀྱི་བརྗིད་ཆེའི་ལེའུ་ཐོར་འགོད་ཀྱི་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་། ཀྲུང་གོའི་ས་གཞི་ཆེ་མོར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་རྣམ་པ་དང་། རླབས་ཆེན་མི་དམངས་ཀྱི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་སྔར་འབྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དཀའ་སྤྱད་འབད་འཐབ་ཀྱི་ལོ་ངོ་70དང་ཟིལ་རླབས་དགུང་འཕྱུར་གྱི་ལོ་ངོ་70ཡི་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་ཁྱད་བསད་ཀྱིས་ལས་གཏོད་ཀྱི་རྒྱང་སྐྱོད་ལམ་བུ་བཏོད་པ་དང་། སྤོབས་པས་རི་ཀླུང་སྒུལ་བའི་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བ། ཟིལ་རླབས་དགུང་འཕྱུར་གྱི་སྒྱུར་བཅོས་ཀྱི་ལམ་བུ་བཏོད་པ། འཛམ་གླིང་ལ་བསྟུན་པའི་སྒོ་དབྱེ་ཁོག་ཡངས་བཏོད་པ་བཅས་བྱས་ཏེ་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོ་མཚར་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མཚོན་རྟགས་སུ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་དེ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་ཆགས་པའི་རླབས་ཆེན་མཆོང་སྐྱོད་བསུས་ཡོད། སྔོན་མ་ལྟོས་གྲོད་པ་མི་རྒྱགས་པའི་མི་རྣམས་ད་ཆ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་གོམ་སྟབས་སྤོ་གྲབས་ཡོད་པ་དང་། སྔོན་མ་དབུལ་པོ་དབུལ་རྐྱང་གི་ཀྲུང་གོ་ད་ཆ་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་པ། སྔོན་མ་དབུལ་པོ་དང་ཉམས་ཞན་གྱི་མི་རིགས་ཀྱིས་ད་ཆ་རླབས་ཆེན་བསྐྱར་དར་གྱི་འོད་ཟེར་ལྡན་པའི་མདུན་ལམ་བསུས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗིད་ཉམས་ལྡན་པའི་སྒོ་ནས“ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་འཇིག་རྟེན་རྙིང་པ་མེད་པར་བཟོ་མཁས་པ་མ་ཟད། འཇིག་རྟེན་གསར་པ་ཞིག་བསྐྲུན་ཡང་མཁས་པ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་ར་འཕྲོད་གང་ལེགས་བྱས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་མཛེས་སྡུག་ལྡན”ཞེས་ཁྱབ་བསྒྲགས་གནང་བ་ལྟར་རེད།

    བཙན་འགག་སྲབ་མོ་རེད་ཅེས་མ་སྨྲོས་ཤིག དེ་རིང་སླར་ཡང་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད། ལོ་ངོ་70ཡི་རིང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་དཀའ་སྡུག་དང་འོད་སྟོང་། ཀྱག་ཀྱོག་དང་རྒྱལ་ཁ། བློས་གཏོང་དང་གྲུབ་འབྲས་བཅས་ཀྱིས་ཁེངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་། འཛམ་གླིང་གི་ལོ་རྒྱུས་ཐོག་འདི་དག་ཚང་མ་ནི་སེམས་འགུལ་ཚད་མེད་ཐེབས་པའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་ཅིག་རེད”ཅེས་ཚད་མཐོའི་གདེང་འཇོག་གནང་ཡོད།

    1949ལོ་ནས་2019ལོ་བར། སེམས་འགུལ་ཚད་མེད་ཐེབས་པའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་གིས་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བདེན་དཔང་བྱས་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་ཤོས་ཀྱི་ཕུགས་འདུན་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ཐེ་ཚོམ་མེད་པར“ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པའི”ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ཡོད། ལོ་བརྒྱ་ཙམ་རིང་སྟོབས་ཆུང་ངམ་སྟོབས་ཆེན་དང་། རྒྱལ་ཁའམ་དཀའ་ངལ་གང་གི་དུས་སུ་ཡང་ང་ཚོའི་ཏང་གིས་ཐོག་མའི་བསམ་འདུན་མ་གྱུར་བར་བློ་བརྟན་འགྱུར་མེད་ཀྱིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་། བློས་གཏོང་ཆེན་པོ་བྱས་པ། ཀྱག་ཀྱོག་ལ་ཕྱོགས་ཕོད་པ། ནོར་འཁྲུལ་ཡོ་བསྲང་ཕོད་པ་བཅས་ཀྱིས་སེལ་དཀའ་བའི་དཀའ་གནད་རེ་རེ་བཞིན་བསལ་བ་དང་། ལོ་རྒྱུས་ཀྱི་དེབ་ཐེར་དུ་འཁོད་པའི་མི་ཡུལ་གྱི་ངོ་མཚར་རེ་རེ་བཏོད་ཡོད། ཀྲུང་གོ་གསར་པའི་ལོ་ངོ་བདུན་ཅུའི་འགྱུར་ལྡོག་ཆེན་པོའི་རྩ་བའི་རྒྱུ་རྐྱེན་དང་ལོ་ངོ་བདུན་ཅུའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གྱི་ནང་གནས་གཏན་ཚིགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཤིག་རེད། མདུན་སྐྱོད་ཀྱི་ལམ་དུ་བྱ་གཞག་ཆེན་པོ་སྒྲུབ་མཁན་མི་དམངས་ཀྱི་སྲིད་ཏང་འདིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རང་ངོས་ཀྱི་གསར་བརྗེར་སྐུལ་འདེད་བཏང་བར་བརྟེན། སྔ་བར་ཕྱི་གསུམ་དུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རྟེན་ས་ཞིག་དང་སྔ་བར་ཕྱི་གསུམ་དུ་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་ཞིག་རེད།

    1949ལོ་ནས་2019ལོ་བར། སེམས་འགུལ་ཚད་མེད་ཐེབས་པའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་ལས་མི་དམངས་དུང་ཕྱུར་དུ་མའི་འབད་འཐབ་དང་སྙིང་སྟོབས་མཚོན་ཡོད། “མི་དམངས་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་གཞི་བརྟན་པོ་ཞིག་དང་། མི་དམངས་ནི་ང་ཚོའི་སྲིད་སྐྱོང་གི་གཏིང་ཤུགས་ཆེ་ཤོས་རེད” མི་དམངས་དུང་ཕྱུར་དུ་མས་དཀའ་སྡུག་ཚད་མེད་མྱངས་པ་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་བའི་མཉམ་སྡེབ་ཀྱི་དྲན་ཤེས་སུ་གྱུར་ཡོད། སྐྱེ་བོ་མང་པོའི་འབད་འབུངས་ཡར་བརྩོན་གྱི་གོམ་སྟབས་བརྟན་པོ་ཀྲུང་གོ་གསར་པ་ལོ་ངོ་70ཡི་རིང་འཕེལ་རྒྱས་སྟོབས་ཆེར་ཕྱིན་པའི་རྔམ་བརྗིད་ལྡན་པའི་ལེའུ་གསར་པ་ཞིག་ཏུ་གྱུར་ཡོད། ད་ཆ་ཀྲུང་གོའི་མི་དམངས་ལ་དབང་བའི་ཡོད་ཚད་ནི་དཀའ་སྤྱད་འབད་འཐབ་ལས་བྱུང་བ་ཞིག་ཡིན་པ་དང་། དེའི་ནང་ཕུགས་འདུན་དོན་གཉེར་མཁན་གྱི་སྤྱང་གྲུང་དང་། བློ་གྲོས། འབད་འཐབ་མཁན་གྱི་དཀའ་སྤྱད་རྔུལ་ཆུ་བཅས་འདུས་ཡོད། མི་དམངས་ཀྱི་རྒྱབ་སྐྱོར་དང་ཡིད་ཆེད་ལ་བརྟེན་ནས“མི་དམངས་དང་གཅིག་སེམས་གཅིག་སྦྲེལ་དང་། མི་དམངས་དང་བདེ་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འབད་འཐབ”བཅས་བྱས་ཏེ་ང་ཚོས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་བྱས་རྗེས་བཞག་ཡོད། ལོ་རྒྱུས་གསར་གཏོད་ཀྱི་སྤྲོ་སེམས་དང་། ཕུགས་འདུན་མངོན་འགྱུར་གྱི་འཇོན་ཐང་། ངོ་མཚར་མུ་མཐུད་གཏོད་པའི་ཡིད་ཆེས་བཅས་ལ་བརྟེན་ནས་མི་དམངས་དུང་ཕྱུར་དུ་མས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཚེ། ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་བས་དར་ཞིང་རྒྱས་ལ་སྟོབས་འབྱོར་མངའ་ཐང་རྒྱས་ངེས།

    1949ལོ་ནས་2019ལོ་བར། སེམས་འགུལ་ཚད་མེད་ཐེབས་པའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་། རྒྱུན་མཐུད་འཚོལ་ཞིབ་བྱེད་པ་དང་། ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ལྷག་ཙམ་རིང་གི་རླབས་ཆེན་ལག་ལེན་ཁྲོད་དུ་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་སྟེ། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བཏང་ཡོད། ཀྲུང་གོ་འདྲ་བའི་རྒྱལ་ཁབ་ཆེན་པོ་འདི་འདྲ་བཅོས་སྐྱོང་བྱེད་སྐབས་ལས་སླ་པོ་གཏན་ནས་མེད། འོན་ཀྱང་ང་ཚོས་རྒྱུགས་ལན་ལེགས་པོ་ཞིག་སྤྲད་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་ལས། “ལོ་རྒྱུས་མཇུག་འགྲིལ་སྨྲ་བ”ཐོར་ཞིག་ཏུ་སོང་བ་བསྟན་པ་དང་། རྒྱལ་ཁབ་ཁག་ཚང་མ་མཐར་ནུབ་ཕྱོགས་ལམ་ལུགས་ལ་རྟེན་པའི་ཕྱོགས་རྐྱང་པའི་ལོ་རྒྱུས་ཀྱི་ལྟ་བ་ཐོར་ཞིག་ཏུ་སོང་བ་བསྟན་ཡོད། ལོ་ངོ་70ཡི་རིང་གྲུབ་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ལས་གསོན་ཤུགས་ཆེན་པོ་དང་ཧ་ཅང་ཁྱད་འཕགས་རང་བཞིན་མངོན་གྱི་ཡོད། ད་ཆ་ང་ཚོའི་ལམ་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཡངས་སུ་འགྲོ་བ་དང་། ང་ཚོའི་རིགས་པའི་གཞུང་ལུགས་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ། ང་ཚོའི་ལམ་ལུགས་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བ། ང་ཚོའི་རིག་གནས་རྒྱུན་མཐུད་དར་སྤེལ་འགྲོ་བཞིན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྣེ་ཁྲིད་བྱེད་པའི་སྐྱོད་དགོས་ངེས་ཀྱི་ལམ་ཞིག་ཡིན་པ་ལོ་རྒྱུས་ལས་ར་སྤྲོད་ཐུབ་ངེས།

    གནམ་འོག་ཀུན་ཕན་བདེན་པའི་ལམ་སྲོལ་སྐྱོང་། ཀྲུང་གོ་དབུལ་ཕོངས་ཉམས་ཞན་གྱི་རྗེས་ལུས་རྒྱལ་ཁབ་ཅིག་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པར་གྱུར་པ་ནི་ཀྲུང་གོས་ཕྱི་ཕྱོགས་རྒྱ་སྐྱེད་དང་མི་སེར་སྤེལ་ནས་བཙན་འཕྲོག་བྱས་པ་མ་ཡིན་པར། སྔ་བར་ཕྱི་གསུམ་དུ་ཞི་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་ལས་བྱུང་བ་ཞིག་རེད། ལོ་ངོ་70ཡི་རིང་ཀྲུང་གོས“རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པར”གཞི་ཚུགས་ནས་དེང་རབས་ཅན་གྱི་ལམ་གསར་པར་བསྐྱོད་ཡོད། ལོ་མང་རིང་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་30%ལྷག་ཙམ་ཟིན་པ་དང་། ལོ་13བསྟུད་མར་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི“སྒུལ་ཤུགས་ཨང་དང་པོར”གྱུར་པ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་སྐབས་རྒྱལ་ཁབ་ཆེན་པོའི་འགན་སེམས་དང་སྒོ་དབྱེའི་བློ་རྒྱ་མངོན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ལམ་ཇེ་ཡངས་སུ་བཏང་བ་དང་། འཛམ་གླིང་གི་མགྱོགས་མྱུར་འཕེལ་རྒྱས་འགྲོ་འདོད་ཆེན་པོ་བྱེད་ལ་རང་ངོས་ཀྱི་རང་ཚུགས་རང་བཞིན་རྒྱུན་འཁྱོངས་བྱེད་འདོད་པའི་རྒྱལ་ཁབ་དང་མི་རིགས་དེ་དག་ལ་གདམ་ག་གསར་རྐྱང་ཞིག་མཁོ་འདོན་བྱས་ཏེ། མིའི་རིགས་ཀྱི་གནད་དོན་སེལ་བར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད། འཛམ་གླིང་གི་ལས་དབང་རྒྱལ་ཁབ་ཁག་གི་མི་དམངས་ལ་དབང་བ་དང་། མིའི་རིགས་ཀྱི་མདུན་ལམ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་གདམ་གར་ཐུག་ཡོད། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་ལྷན་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་བྱེད་ཀྱི་ཡོད།

    དུས་རབས་ཀྱི་རླབས་རྒྱུན་མདུན་ཕྱོགས་སུ་རྒྱུག་པ་དང་། བསྐྱར་དར་གྱི་སྟོབས་ཤུགས་ལ་འགྲན་ཟླ་མེད། དེང་གི་འཛམ་གླིང་ལ་ལོ་བརྒྱའི་རིང་འབྱུང་དཀའ་བའི་འཕོ་འགྱུར་ཆེན་པོ་བརྒྱུད་བཞིན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་འགག་རྩའི་དུས་སུ། ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་བཞིན་ཡོད། མ་འོངས་ལ་རྒྱང་ལྟ་བྱེད་སྐབས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་རྒྱལ་ཁབ་སྟོབས་ཆེན་གྱི་རྒྱང་སྐྱོད་ལམ་འགོ་བཙུགས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་ལས་སླ་པོ་དང་རྔ་རྡུང་དར་འཕྱར་བྱས་ནས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན། ལོ་རྒྱུས་གསར་པ་རྩོམ་པ་ནི་ལོ་རྒྱུས་ལ་ལེགས་སྐྱེས་ཡག་ཤོས་འབུལ་བ་ཞིག་དང་། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་ནི་འབྱུང་འགྱུར་ལ་སྟངས་འཛིན་ཡག་ཤོས་བྱས་པ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། དམངས་སེམས་གཅིག་མཐུན་དང་ཀུན་སེམས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་གསར་པར་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    རླབས་ཆེན་མེས་རྒྱལ་སྔར་བས་དར་ཞིང་རྒྱས་པའི་སྨོན་འདུན་ཞུ།

    ཀྲུང་ཧྭ་མི་རིགས་གོམ་ཞེང་ཆེན་པོས་བསྐྱར་དར་ཕྱོགས་སུ་བསྐྱོད་པའི་སྨོན་འདུན་ཞུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།