[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀླུ་ནང་ཁྱད་ལྡན་གྲོང་རྡལ་གྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་བསུ་བ་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    རི་བོ་དང་། གྲོག་རོང་། རྩྭ་ཐང་། ནགས་ཚལ། མཚེའུ། གཙང་པོ་སོགས་རང་བྱུང་མཛེས་ལྗོངས་ཀྱིས་སྤྲོ་གསེང་ཡུལ་སྐོར་འཕེལ་རྒྱས་ལ་རྨང་གཞི་ལེགས་པོ་བཏིངས་ཡོད། 2013ལོའི་ཟླ་གསུམ་པ་ནས་བཟུང་། ཀོང་ཏུང་ཞིང་ཆེན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཉིང་ཁྲི་གྲོང་ཁྱེར་གྱིས་ཀླུ་ནང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་ལས་དོན་སྤེལ་འགོ་བཙུགས་པ་དང་འབྲེལ། 2016ལོའི་ཟླ་བཅུ་པར་སྤྱོད་འགོ་ཚུགས་པས། ཡུལ་སྐོར་རྨང་གཞིར་བྱས་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཕེལ་རྒྱས་འགྲོ་བཞིན་ཡོད།

    ཀོང་པོའི་རིག་གནས་གྲོང་རྡལ་ཆུང་ངུའི་བླ་སྲོག་ཏུ་གྱུར་པ།

    ཀླུ་ནང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་སྤེན་པས་ཀླུ་ནང་གྲོང་རྡལ་གྱིས་ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་111.54ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་ཁྲི་6936.8བྱུང་བ་ལས། ས་གནས་འདི་གའི་ཞིང་འབྲོག་པ་ཡུལ་སྐོར་གྱི་འབྲེལ་ཡོད་ཐོན་ལས་སུ་ཞུགས་པར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་800ཙམ་བྱུང་བ་དང་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་2.1བྱུང་ནས། མིང་དོན་མཚུངས་པའི་འབྱོར་འབྲིང་གྲོང་རྡལ་ཆུང་ངུར་གྱུར་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    འདི་ལོའི“ལྔ་གཅིག”ངལ་གསོར་ཀླུ་ནང་དུ་འགྲོ་ཐེངས་དང་པོ་ཡིན་པའི་ཧོ་མིང་གི་མཐོང་རྒྱ་ཆེ་རུ་ཕྱིན་པ་སྟེ། བོད་ཀྱི་ས་ཕྱོགས་གཞན་དང་མི་འདྲ་བའི་ཁང་པ་དང་། ཡུལ་སྲོལ། གོས་རྒྱན། བཟའ་བཏུང་བཅས་ཀྱིས་ཁོ་པའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོགས། “ས་ཆ་འདི་གའི་བོད་ཀྱི་ལོ་གསར་གྱི་རྣམ་པ་ཧ་ཆང་འཁྲུག་པོ་ཡོད་པས། ཕྱིས་སུ་ང་ད་དུང་འདིར་ཡོང་གི་ཡིན”ཞེས་ཧོ་མིང་གིས་བཤད།

    ཚང་ཚིང་ནགས་ཚལ་དང་མེ་ཏོག་སྣ་མང་གིས་ཀླུ་ནང་ཁྱད་ལྡན་གྲོང་རྡལ་གྱི་ཕྱིའི་རྣམ་པ་མཛེས་རྒྱན་སྤྲས་ཡོད་ཟེར་ན། ཀོང་པོའི་ཐུན་མིན་རིག་གནས་ནི་གནས་འདིའི་བླ་སྲོག་ལྟ་བུ་རེད། ཀླུ་ནང་ནི་བོད་ལྗོངས་ཀོང་པོའི་རིག་གནས་ཀྱི་ལྟེ་བའི་ཁུལ་དུ་གནས་པ་དང་། ཀོང་པོའི་ས་ཁུལ་དུ་ཐུན་མིན་གྱི་ཀོང་པོའི་ཁང་པ་དང་། ཡུལ་སྲོལ། གོས་རྒྱན། བཟའ་བཏུང་། གཉེན་སྟོན་སོགས་ཀྱི་རིག་གནས་ལྡན་ཡོད། འོན་ཀྱང་དེ་སྔ་རྒྱུ་རྐྱེན་མང་པོའི་དབང་གིས་ཀོང་པོའི་རིག་གནས་ཀྱི་སྤུས་རྟགས་ཡུན་རིང་དར་སྤེལ་གཏོང་ཐུབ་མེད།

    ད་ཆ་ས་གནས་སྲིད་གཞུང་གི་སྐུལ་སློང་འོག ཀོང་པོའི་རིག་གནས་རིམ་བཞིན་ཀླུ་ནང་གི་མིང་བྱང་ལྟ་བུར་འགྱུར་བ་དང་། ཀླུ་ནང་གྲོང་རྡལ་ཆུང་ངུའི་ཁང་པ་ལས་ཀོང་པོའི་རིག་གནས་ཀྱི་ཉམས་འགྱུར་མངོན་བཞིན་ཡོད། ཀླུ་ནང་དུ་ཡོད་པའི་མངོན་འགྱུར་བའི་བར་མཐོངས་སུ། ཀོང་པོའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་འགྲེམས་སྟོན་ནི་ཡུལ་སྐོར་བའི་ཡིད་དབང་འགུག་སའི་བཀྲག་མདངས་འཚེར་སར་གྱུར་པ་དང་དུས་མཚུངས། ཀོང་པོའི་ཁྱད་ལྡན་ཐོན་ལས་ཀྱང་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ཡོད། “ཀོང་པོའི་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་བཏང་བས། ཀོང་པོའི་རིག་གནས་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ངེས་ཅན་ཐུབ་ཡོད། ཁྱིམ་ཚང་མགྲོན་ཁང་ལས་ཡོང་འབབ་རག་པ་མ་ཟད། ཁོ་ཚོས་རང་འགུལ་ངང་དེ་ཚོར་སྲུང་སྐྱོང་བྱེད་ཐུབ་པ་དེ་ནི་སྲིད་ཇུས་གང་ལས་ཀྱང་གོ་ཆོད་པ་བྱུང་ཡོད”ཅེས་ཀླུ་ནང་གྲོང་རྡལ་ཆུང་ངུའི་ལས་དོན་པས་དེ་ལྟར་བརྗོད།

    དྲ་ཐོག་དང་དྲ་ཕྱི་གཉིས་ཀ་ནས་རིག་ལྡན་ཡུལ་སྐོར་དར་སྤེལ་གཏོང་བ།

    ཀླུ་ནང་གིས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གཏོད་རྒྱུ་སྤྱིའི་འཆར་འགོད་དང་དམིགས་ཡུལ་དུ་བྱས་པ་དང་། དྲ་རྒྱ་དང་། ཆ་འཕྲིན་ཅན། གྲངས་གཞི་ཆེ་མོ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ས་གནས་དེ་གའི་ཡུལ་སྐོར་ཆ་འཕྲིན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་དང་། ཡུལ་སྐོར་ཞབས་འདེགས་ཀྱི་ཆ་ཚང་བའི་དྲ་རྒྱ་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་བ། དྲ་ཐོག་དང་དྲ་ཕྱི་གཉིས་ཀ་མཉམ་འགུལ་བྱས་པ། ཆ་འཕྲིན་ཅན་གྱི་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་བསྐྲུན་པས། ཡུལ་སྐོར་བས་བརྙན་ལམ་དང་པར་རིས་ལས་ཀླུ་ནང་གི་བཟའ་སྡོད་དང་། ཡུལ་སྐོར། ཉོ་སྒྲུབ་སོགས་ཀྱི་ཆ་འཕྲིན་ཚང་མ་ཤེས་ཐུབ།

    གཞན་ཡང་དྲ་རྒྱའི་ཚོང་གཉེར་ནི་རིག་ལྡན་ཡུལ་སྐོར་གྱི་ཆ་ཤས་གལ་ཆེན་ཞིག་ཡིན་པ་དང་དེ་ནི་ཡུལ་སྐོར་ཐོན་ལས་སྣུར་སྲིང་བྱེད་པ་དང་གཉིས་སུ་མ་མཆིས། ཀླུ་ནང་གིས་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་ལ་དམིགས་ནས། སྐད་འཕྲིན་དང་། པོད་ཕྲན། ཤིན་ལང་དང་སོའུ་ཧུའུ་དྲ་བ་སོགས་ལས་སྟེགས་སུ་ཀླུ་ནང་དྲིལ་བསྒྲགས་ཤུགས་ཆེན་བྱས་པས་དྲ་རྒྱའི་ཚོང་གཉེར་གྱི་མཚན་སྙན་གྲགས་ཆེ་རུ་ཕྱིན་ཏེ། ཀུན་འདུས་སྨྱན་སྦྱོར་གྱི་ཚོང་གཉེར་གྱི་རྣམ་པ་ཞིག་ཆགས་ཡོད།

    མངོན་འགྱུར་བའི་བར་མཐོངས་དང་ཁྱིམ་ཚང་མགྲོན་ཁང་གིས་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

    ཀླུ་ནང་གི་མངོན་འགྱུར་བའི་བར་མཐོངས་2016ལོའི་ཟླ་དྲུག་པར་ངོས་སུ་སྤྱོད་འགོ་ཚུགས་པ་རེད། དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ལས་གཏོད་ཐོན་ལས་གླིང་དང་པོ་ཡིན་པ་དང་། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2ཡོད། དེར་མ་དངུལ་བསྡོམས་སྒོར་དུང་ཕྱུར་1.3བཏང་སྟེ་མངོན་འགྱུར་བའི་བར་མཐོངས་ཀྱི་གསོ་སྐྱོང་རྟེན་གཞི་དང་། ཚན་རྩལ་མཐོ་བའི་ཤེས་ལྡན་པའི་ཞིང་ས། གནད་སྨིན་དབུལ་སྐྱོར་ལས་སྟེགས་དང་དེ་བཞིན་བོད་ལྗོངས་སྒྱུ་རྩལ་རིག་གནས་འགྲེམས་སྟོན་རྟེན་གཞི་བཅས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། དེས་མ་ཚད་ད་དུང་མངོན་འགྱུར་བའི་བར་མཐོངས་ཀྱིས་ཁེ་ལས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས“ཐོན་སློབ་ཞིབ་གསུམ”གྱི་རྣམ་པ་གཏོད་པ་དང་། ཀྲུང་གོ་གློག་འཕྲིན་དང་རུད་ཅེ་དྲ་རྒྱ་སོགས་ཁེ་ལས་བཅུ་ལྷག་ཙམ་དང་མཉམ་ལས་མནའ་འབྲེལ་བཙུགས་ཏེ“ཁེ་ལས་དང་། ཤེས་ལྡན་པ། ལག་རྩལ”བཅས་འབྲེལ་མཐུད་རྣམ་པའི་ལས་སྟེགས་བཟང་པོ་བཏོད་ཡོད། མངོན་འགྱུར་བའི་བར་མཐོངས་སུ་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ས་ཆ་དེ་རང་དུ་འགྲེམས་འཚོང་དང་དྲ་ཐོག་ནས་ཕྱིར་ཚོང་བྱེད་པ་མཐོང་ཐུབ། ཀླུ་ནང་གི་ས་གནས་དེ་གའི་ཁྱད་ལྡན་རིག་གནས་རང་སར་ངོམ་སྟོན་བྱས་པ་ལས་ཀླུ་ནང་རིག་གནས་ཀྱི་ཁྱད་ཆོས་གསོན་ཉམས་ལྡན་པའི་ངང་མངོན་གྱི་ཡོད།

    ས་གནས་དེ་གའི་ཞིང་འབྲོག་པས་ཁྱིམ་ཚང་མགྲོན་ཁང་གཉེར་བར་ལྕག་སྐུལ་བྱ་ཆེད། ས་གནས་དེས་ཀླུ་ནང་ཡུལ་སྐོར་དབུལ་སྐྱོར་ཐེབས་རྩ་བཙུགས་ཟིན་པས། ཞིང་འབྲོག་པས་ཆེད་དམིགས་ཐེབས་རྩ་རེ་ཞུ་བྱས་ན། ཁྱིམ་ཚང་མགྲོན་ཁང་བཟོ་བཅོས་ལ་བེད་སྤྱོད་ཐུབ་པ་ཕུད། ད་དུང་ཁྱིམ་ཚང་མགྲོན་ཁང་གི་ཞབས་འདེགས་སྒྲིག་ཆས་ཚང་མ་ལེགས་སུ་གཏོང་ཐུབ་པས། བོད་བཟོའི་ཁྱད་ཆོས་ཟབ་མོ་ལྡན་པའི་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་ཐུབ། བོད་བཟོའི་ཁྱིམ་ཚང་མགྲོན་ཁང་ལས་ས་གནས་དེའི་མང་ཚོགས་ཀྱི་རང་སྟོབས་རང་འཕེལ་གྱི་འཇོན་ཐང་ཆེ་རུ་ཤུགས་ཆེན་ཕྱིན་པ་དང་། ཡུལ་སྐོར་བ་མང་པོས་ས་གནས་དེ་གའི་ཁྱིམ་ཚང་མགྲོན་ཁང་དུ་བསྡད་དེ་ཀླུ་ནང་གི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་བ་དང་། བོད་ཇའི་བྲོ་བ་མྱོང་བ། ཀོང་པོའི་གྱོན་ཆས་གོན་པ་སོགས་བྱས་ནས་བོད་རིགས་ཀྱི་འཚོ་བར་མྱོང་རོལ་ཟབ་མོ་བྱེད་ཀྱི་ཡོད།

    ད་ཆའི་ཀླུ་ནང་དུ་ཡུལ་ལྗོངས་ལྟ་ན་སྡུག་ལ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རང་བྱུང་གི་བཀོད་པ་གྲུབ་པས། སྐད་གྲགས་རིམ་བཞིན་ཆེ་རུ་ཕྱིན་པ་དང་བསྟུན། འདི་གར་ཡུལ་སྐོར་དང་། མ་དངུལ་འཇོག་པ། ལས་གཏོད་ལ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། ས་གནས་དེ་གའི་ཞིང་འབྲོག་པའི་ཡོང་འབབ་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་འགྲོ་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།