[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་གསུམ་པས“ཕྱིར་མིག་ལྟ་བའི”བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་གྱི་སྙན་སེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-11

    རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་དང་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་སྐུལ་འདེད་ཚོགས་འདུ་ཐེངས་གཉིས་པའི་བླང་བྱར་གཞིགས་ནས། ཚེས་8ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་གསུམ་པའི“ཕྱིར་མིག་ལྟ་བའི”བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་སྙན་སེང་ཚོཌ་འདུ་ལྷ་སར་འཚོགས་པ་རེད།

    ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲུའུ་ཝུའེ་ཆུན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་དག་ཐེར་གནས་ཚུལ་སྙན་སེང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲུའུ་ཝུའེ་ཆུན་གྱིས་ཆེད་དོན་འཐབ་རྩོད་སྤེལ་ཚུན་དང་ལྷག་པར་དུ་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅའ་སྡོད་བྱས་རྗེས་བོད་རང་སྐྱོང་ལྗོངས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་དང་དག་ཐེར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་ནན་པོ་བྱེད་པ་དང་། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཚུར་ལན་བྱས་པའི་གནད་དོན་གྱི་འབྱུང་རྩ་གཏིང་ཟབ་འཚོལ་བ་དང་། གནད་སྨིན་ཤུགས་འདོན་བྱེད་པ། ཕྱོགས་བསྡུས་ཇུས་བསྟར་བྱེད་པ། གཅིག་སྡུད་བཅོས་སྒྲིག་བཅས་བྱ་རྒྱུར་དམིགས་ནས་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཐད་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོན་ཡོད། དེ་དང་ཆབས་ཅིག་ལྟ་སྐུལ་མཛུབ་ཁྲིད་ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་ད་དུང་མངོན་གསལ་དོད་པའི་གནད་དོན་འགའ་ཞིག་ལྷག་ཡོད་པ་ཤེས་རྟོགས་བྱུང་ཡོད། གོམ་སྟབས་རྗེས་མའི་ལས་དོན་ཐད་བོད་རང་སྐྱོང་ལྗོངས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ“ཕྱིར་མིག་ལྟ་བར”རང་རྟོགས་ངང་དང་ལེན་ཞུ་དགོས།

    ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ཟུང་འབྲེལ་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་བྱེད་སྤྱོད་ཀྱི་ནག་གཤེད་ཕྱོགས་གཏོགས་ཀྱི་རྨང་གཞི་རྩ་གཏོར་གཏོང་དགོས། རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྐུལ་འདེད་ཚོགས་འདུ་ཐེངས་གཉིས་པའི་བླང་བྱར་གཞིགས་ནས། བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པའི་བློ་སྟོབས་ཀྱི་ཐོག་ནས་དམ་པོར་དམིགས་པ་དང་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ངེས་པར་དུ་ལེན་དགོས་ཞེས་བཏོན་གནང་བ་རེད།

    ཀྲུའུ་ཝུའེ་ཆུན་གྱིས་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་ཁྲིད་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུན་མོང་གི་དམིགས་ཡུལ་དང་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཞིག་རེད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འགན་འཁྲིའི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱེད་པ་དང་། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། གནས་ཚུལ་དངོས་གསལ་རྟོགས་ཡང་དག་ཐུབ་པ་བྱེད་དགོས། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས“ཕྱིར་མིག་ལྟ་བའི”ལས་དོན་ཁག་བདེ་བླག་སྤེལ་ཐུབ་པའི་འགན་ལེན་བྱེད་པ་དང་། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་དེ། ཏང་ཨུད་དང་སྲིད་གཞུང་གི་ནག་སེལ་གཤེད་བཅོམ་གྱི་ཆོད་སེམས་བརྟན་པོ་དང་ཕན་འབྲས་གང་ལེགས་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་བསྟན་དོན། གཅིག་ནས་མུ་མཐུད་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བའི་ཐད་ཤུགས་རྒྱག་དགོས་ཤིང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་བྱ་གཞིར་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁུར་ཐུབ་པ་དང་། ལས་འགན་སྒྲུབ་ཐུབ་པ། འགན་འཁྲི་འཁུར་ཐུབ་པ་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཆབ་སྲིད་ལ་སྣང་ཆེན་དང་། ལྷག་བསམ་རྣམ་དག་ཡོང་བ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་ནག་སེལ་གཤེད་བཅོམ་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གངས་ལྗོངས་ས་མཐོར་དོན་འཁྱོལ་གནད་སྨིན་ཡོང་བ་བྱེད་དགོས་པ་དང་།

    གཉིས་ནས་མུ་མཐུད་རྩད་གཅོད་གཏིང་ཟབ་དང་རྩ་བཅོས་དག་ཐེར་ཐད་རྒྱུན་མཐུད་ཤུཌ་རྒྱག་དགོས་ཤིང་། གནད་དོན་ལ་དམིགས་ནས་ལས་དོན་སྤེལ་བ་དང་གནད་དོན་ལ་དམིགས་ནས་དག་ཐེར་མཐའ་འཁྱོངས་བྱས་ཏེ། ལེགས་གྲུབ་ཟིན་པའི་ལྟ་སྐུལ་མཛུབ་ཁྲིད་དང་དག་ཐེར་གྱི་ལས་འགན་མུ་མཐུད་སྲ་བརྟན་དང་གོང་མཐོར་གཏོང་རྒྱུར་དམ་འཛིན་བྱེད་པ་དང་། ཕྱོགས་ཡོངས་ནས་ལེགས་འགྲུབ་མ་ཟིན་པ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང། ད་ཐེངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཀྱི“ཕྱིར་མིག་ལྟ་བ”གོ་སྐབས་སུ་བྱས་ཏེ། གཙོ་གནད་ས་ཁུལ་དང་ལས་རིགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཕྱོགས་ཡོངས་ནས་མཐིལ་རྟོགས་ཀྱིས་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས་པ།

    གསུམ་ནས་མུ་མཐུད་ཕུགས་ཕན་དང་རྒྱུན་གཏན་བཅོས་སྐྱོང་ཐད་རྒྱུན་མཐུད་ཤུགས་རྒྱག་དགོས་ཤིང་། “རྩད་གཅོད་གཏིང་ཟབ་དང་རྩ་བཅོས”ཀྱི་ངེས་གནས་ལ་དམ་འཛིན་ནན་པོ་བྱེད་པ་དང་གཙོ་རྒོལ་ཁ་ཕྱོགས་གསལ་པོ་བཟོས་ནས་ཁུངས་སྣེར་ཞིབ་དཔྱད་དང་། གྱོད་གཞི་རྩད་གཅོད་འགག་སྒྲོལ། “ནག་གཤེད་ཕྱོགས་གཏོགས་ཀྱི་རྒྱབ་རྩ་དང་། དེ་བཞིན་ཁོང་ཚོའི་འབྲེལ་བའི་དྲ་བ་མེད་པ་བཟོ་བ”“ནག་གཤེད་ཕྱོགས་གཏོགས་ཀྱི་རྒྱུ་ནོར་ཡོང་ཁུངས་མེད་པ་བཟོ་བ” “ནག་གཤེད་ཕྱོགས་གཏོགས་ཀྱི་འབྲེལ་བ་བྱེད་ས་མེད་པར་བཟོ་བ”ལས་རིགས་བཅོས་སྒྲིག་ཐད་ཚད་བརྒལ་གསར་པ་ཡོང་བ་བཅས་བྱེད་དགོས་པ་དང་། རྡུང་རྡེག་དང་། བཅོས་སྒྲིག འཛུགས་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ་གཞི་སྒྱུར་རྩ་སྒྱུར་དང་། རྩ་ལག་མཉམ་བཅོས། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཡོང་བ་བྱེད་པ། ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་དེ་རུལ་སུངས་ལ་ངོ་རྒོལ་དང་གཞི་རིམ་གྱི“སྦྲང་རྡུང”དང་ཟུང་འབྲེལ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་ནག་གཤེད་ཕྱོགས་གཏོགས་མཆེད་ས་མེད་པ་བཟོ་དགོས་པ།

    བཞི་ནས་མུ་མཐུད་སྤྱི་འདོམས་མཉམ་འགུལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་རྒྱུན་མཐུད་ཤུགས་རྒྱག་དགོས་ཤིང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་སྡེ་ཚན་དབར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། ལྗོངས་ཡོངས་སུ་མིག་མངས་འགྲིག་སྐོར་གཅིག་དང་ཕྱར་བ་གྲུ་འདེགས་ཀྱི་མཉམ་ཤུགས་ཆགས་པ་བྱེད་དགོས། མི་དམངས་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ལ་དམ་པོར་བརྟེན་པ། མང་ཚོགས་སྐུལ་སློང་གང་ལེགས་བྱེད་པ་བཅས་བྱས་ཏེ་ཞི་མཐུན་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཧུར་ཐག་གཏོད་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།