[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལྗོངས་ནུས་ཤུགས་ཡོད་རྒུས་གཏོད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཆེད་བརྗོད།    |    སྤེལ་དུས།   2019-11-11

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཆེན་གྱི་ལས་འགན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྔོན་ཐོན་ལ་གཟེངས་བསྟོད་དང་འཐབ་སེམས་སྐུལ་སློང་བྱེད་པ་བཅས་ཀྱི་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་མགྱོགས་པོ་བྱ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་དེ་རེད།

    རང་རེའི་ཏང་དབུ་བརྙེས་པ་ནས་བཟུང་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བོད་ལྗོངས་འདི་ཉིད་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་ཉི་འོད་དང་སྦྲང་ཆར་ཟིམ་མས་བརླན་པར་བྱས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་བཀོད་སྒྲིག་ཇུས་འགོད་གནང་སྟེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དུས་རབས་གསར་པ་གཏོད་འགོ་བཙུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིས་ཁ་གསལ་བསྟན་གནང་བའི་བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་ནས། ལས་དོན་མཐའ་དག་མི་རིགས་མཐུན་སྒྲིལ་ལ་དམིགས་རྒྱུར་ཕྱོགས་པ་དང་། ལས་དོན་མཐའ་དག་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་ཤུགས་ཆེ་རུ་གཏོང་རྒྱུར་ཕྱོགས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་བ་དང་། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། མི་རིགས་ཁག་དབར་མཐུན་སྒྲིལ་འབད་འཐབ་མེད་ན་བོད་ཀྱི་ད་ཆའི་འཕེལ་རྒྱས་དང་བརྟན་ལྷིང་གི་དུས་བབ་ཡག་པོ་ཡོད་མི་སྲིད་པ་དང་། འཕེལ་རྒྱས་དང་བརྟན་ལྷིང་མེད་ན་ད་ཆའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་བདེ་སྐྱིད་ཁམས་བཟང་གི་འཚོ་བ་ཡོད་མི་སྲིད་པ་དང་དོན་དངོས་ལས་ར་འཕྲོད་ཡོད།

    མི་རིགས་ལས་དོན་ནི་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་མི་རིགས་ཀྱི་དར་རྒྱས་གོང་འཕེལ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་བཅས་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྔ་ནུབ་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་མཐོ་ཚད་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། མིག་སྔའི་རང་རྒྱལ་གྱི་མི་རིགས་ལས་དོན་ལ་འཕྲད་པའི་དུས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་གནང་བ། དུས་རབས་གསར་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་གཙོ་གནད་ལས་དོན་ཁ་གསལ་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། “འགྱུར་ལྡོག་ཆེན་པོ་དང་བརྗིད་ཉམས་ཆེ་བའི་ལོ་ངོ་70ཡི་རིང་། གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ཚང་མར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད” དེ་དང་ཆབས་ཅིག “མཐའ་འཁྱོངས་དགུ”སྤྱད་དེ་ལོ་ངོ་70ཡི་རིང་གི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་རྩ་ཆེའི་ཉམས་མྱོང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་དང་བསྡུ་ལེན་བྱས་པ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། རང་རེའི་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་གནང་བའི་ལག་ལེན་གལ་ཆེན་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཤིག་ཡིན་པ་རེད། ང་ཚོར་དུས་རབས་གསར་པར་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

    ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། 《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཕྱོགས་ཡོངས་དང་། གཏིང་ཟབ། རྒྱུན་སྲིང་བཅས་ཀྱི་སྒོ་ནས་སྤེལ་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གཏོད་དགོས་པའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་བརྩི་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་བཅས་ཀྱི་ཐོག་ནས“རྣམ་ཀུན་དང་། བསམ་བློ་སྤེལ་རེས། བྱ་སྤྱོད། གཞི་རིམ་བཅས་གལ་ཆེར་འཛིན་པའི”འདུ་ཤེས་གཞིར་བཟུང་། གསར་གཏོད་ཀྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། གསར་གཏོད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ། གསར་གཏོད་ཀྱི་ནང་དོན་ཟབ་ཏུ་གཏོང་བ། གསར་གཏོད་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། ཐེ་ཞུགས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་བ། གསར་གཏོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་འགྲིལ་རྒྱུར་སྐུལ་འདེད་བཏང་ནས་

    མི་རིགས་མཐུན་སྒྲིལ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་འགན་འཁྲི་ཧ་ཅང་ལྕི་པོ་ཡོད། མིག་སྔར། རང་ལྗོངས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་པ་དང་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་དེང་རབས་ཅན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སེམས་མཐུན་སྟོབས་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གསར་གཏོད་ཡར་བརྩོན་གྱིས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྔར་བས་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།