[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནན་ཏན་ངང་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-12

    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནན་ཏན་ངང་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བར་བྱས་པ་རེད།

    ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། དྲིལ་བསྒྲགས་པུའུ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ཐོག ཏང་ཨུད(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཀྲི་པུའི་ཏང་ཡོན་ཚོགས་ཆེན་སོགས་ཀྱི་རྣམ་པའི་ཐོག་ནས་གཅིག་སྡུད་སློབ་སྦྱོང་བྱེད་དགོས་པ་དང་སྦྲགས། བརྗོད་དོན་གཙོ་བོའི་སློབ་གསོའི་བགྲོ་གླེང་གི་ཆེད་དོན་ནང་འཇུག་དགོས། གྲོང་སྡོད་ལས་དོན་རུ་ཁག་དང་ཧྲུའུ་ཅི་དང་པོའི་སློབ་སྦྱོང་སྣེ་ཁྲིད་པ་དང་དྲིལ་བསྒྲགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས། ཚང་མས་གསལ་པོ་ཤེས་པ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུའི་དགོངས་དོན་དག་རིམ་ཁག་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ནང་དོན་གལ་ཆེན་ནང་བཅུག་ཐོག་གཅིག་སྡུད་གསོ་སྦྱོང་དམིགས་སར་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ལྗོངས་ཡོངས་ཀྱི་ཏང་ཕྱིའི་འཐུས་མིའི་ཚོགས་འདུ་འཚོགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྡ་ཁྱབ་བཏང་བ་རེད། ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་ཏང་ཕྱིའི་འཐུས་མིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཚང་འཛོམས་གྲོས་ཚོགས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་དང་། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་སྲུང་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ཐད་མདུན་གྲལ་དུ་སྐྱོད་དགོས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་འཛུགས་སྐྱོང་བཅས་ཀྱི་སྤྱི་ཡོངས་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་དང་། “འདུ་འགོད་ཆེན་པོ་བརྒྱད”ལག་ལེན་བསྟར་བ། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི“སྐྱོན་བྲལ་གཉིས”ལ་སྐུལ་འདེད་གཏོང་བའི་ཐད་མདུན་གྲལ་དུ་སྐྱོད་དགོས། ཁྱབ་ཁོངས་ཁག་དང་། རིགས་ཁོངས་ཁག སྤྱི་ཚོགས་ཡོངས་བཅས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། ལམ་ལུགས་ཀྱི་འདུ་ཤེས་ཟབ་གཏོང་དང་། ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་། རང་རྟོགས་ངང་ལམ་ལུགས་ལ་བརྩི་སྲུང་། ལམ་ལུགས་ལག་ལེན་མཐའ་གཅིག་ཏུ་བསྟར་བ་བཅས་བྱས་ཏེ། རིམ་ཁག་མི་སྣའི་ཐུན་མོང་གི་ངོས་འཛིན་གཅིག་འདུས་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་དགོས་པའི་ནན་བཤད་བྱས་པ་རེད།

    ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་དོན་ཨུ་ལྷན་གྱི་རྒྱ་ཆེའི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློང་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་དང་རྒྱ་ཆེའི་རྩ་འཛུགས་ལས་དོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཐོག ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར། སྔོན་ལ་སློབ་སྦྱོང་དང་། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྣེ་ཁྲིད་ནས་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ལྗོངས་ཡོངས་ཀྱི་རྒན་ཡོལ་ཞུས་པའི་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཁོངས་གཏོགས་ཀྱིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཚགས་ཚུད་བྱས་ཏེ་སློབ་སྦྱོང་གི་དུས་མཚམས་རང་བཞིན་གྱི་ཕན་འབྲས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཏན་ཏིག་བཏང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་དུ་དངོས་འབྲེལ་འཁྱོལ་བ་བྱེད་དགོས་པ། རང་ངོས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་། ཉམས་མྱོང་གི་ལེགས་ཆ། དབང་གྲགས་ཀྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། མཐའ་འཁོར་གྱི་མང་ཚོགས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ཁག་ལ་མུ་མཐུད་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་རྩོམ་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་བཅས་བསྟན་ཡོད་པ་རེད།

    མངའ་རིས་ས་ཨུད་ཀྱིས་ཚོགས་འདུ་འཚོགས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཡོན་ལས་བྱེད་པ་ཚང་མ་སྒྲིག་འཛུགས་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། ས་ཁུལ་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པར་སྤྲོ་སེམས་དེ་བས་འཁོལ་བ་དང་། བློ་སྟོབས་དེ་བས་ཆེ་བ། ཡིད་ཆེས་ལྡབ་བརྒྱ་འཕེལ་བ་བཅས་ལ་བརྟེན་ནས་མངའ་རིས་ཀྱི་སྒྱུར་འཕེལ་བརྟན་གསུམ་དང་སྣོད་བཅུད་ཀྱི་ལས་དོན་ཁག་ཏན་ཏིག་ཡག་པོ་བསྒྲུབ་རྒྱུའི་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཆབ་མདོ་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ངེས་པར་དུ་ལག་ལེན་དུ་འཁྱོལ་བ་དང་ལས་དོན་ཁྲོད་ལག་བསྟར་ཏན་ཏིག་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་པ་སངས་ཚེ་རིང་གིས“གོམ་སྟབས་རྗེས་མར་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཞི་རྩའི་བླང་བྱ་གཞིར་བཟུང་། སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་དང་། སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་མགྱོགས་པོ། འོས་འགན་སློབ་གསོར་འགན་ལེན་སོགས་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པར་ལམ་ལུགས་དང་བྱ་ཐབས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གསོའི་ཞབས་ཞུའི་ནུས་པ་ཆེ་རུ་དང་འགན་ལེན་གྱི་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་མང་ཚོགས་ལ་སློབ་གསོའི་ཐོན་ཁུངས་སྤུས་དག་མཁོ་འདོན་བྱ་རྒྱུ་ཡིན”ཞེས་གསར་འགོད་པར་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།