[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཕན་ཚུན་ལྟ་སྐྱོང་གིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ།

    བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་བྱ་གཞག་འཕེལ་རྒྱས་ཀྱི་བསྡུས་རིས།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2020-01-05

    ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་མི་རིགས་ཁག་གི་ཐུན་མོང་འབད་བརྩོན་དང་ཁ་འབྲལ་ཐབས་མེད། ལོ་ངོ་སྟོང་གི་རྨང་གཞི་ཟབ་མོ་ཡོད་པ་ལས་མི་རིགས་མཐུན་སྒྲིལ་ནི་སྔ་ས་ནས་བརྗིད་ཆགས་འགྱིང་ངེར་གནས་པའི་རི་བོ་ཧི་མ་ལ་ཡ་དང་འདྲ་བར་བོད་ཀྱི་མི་དམངས་ཀྱི་སེམས་དབུས་སུ་རྩ་བ་བརྟན་པོར་ཚུགས་པ་དང་། རྔམ་རྔམ་བརྗིད་བརྗིད་ཀྱི་ཡར་ཀླུང་གཙང་པོ་དང་འདྲ་བར་བོད་ཀྱི་མི་སེར་གྱི་ཁྲག་རྒྱུན་ནང་རྒྱུ་བཞིན་ཡོད།

    མི་རིགས་མཐུན་སྒྲིལ་གྱི་ས་བོན་ལོ་ངོ་སྟོང་གི་སྔོན་ནས་བཏབ།

    2019ལོའི་ཟླ་12པའི་འབྲི་རུ་རྫོང་ཚ་ཆུ་ཤང་དུ་ཁ་བ་བུ་ཡུག་འཚུབ་ཅིང་། རྒྱལ་མོ་རྔུལ་ཆུའི་འགྲམ་ངོགས་སུ་གནས་པའི་འུན་ཤིང་ཀོང་ཇོའི་ཐང་ཆེན་གྱི་ལྡེབས་རིས་དང་འཇིམ་བརྙན་ལས་བོད་རྒྱ་མཛའ་མཐུན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་དང་གཉིས་སུ་མ་མཆིས།

    “གཟིགས་དང་། འདི་གའི་ལྡེབས་རིས་སུ་བཀོད་པ་ནི་འུན་ཤིང་ཀོང་ཇོ་ཁྲང་ཨན་ནས་རྡོག་ཐོན་གནང་སྟེ་ལམ་བར་དུ་ངལ་བ་ཁྱད་དུ་བསད་ནས་བོད་དུ་ཕེབས་པའི་སྣང་ཚུལ་རེད། འདི་གར་བྲིས་པ་ནི་ཀོང་ཇོས་འཁྲིད་ཕེབས་པའི་ལག་ཤེས་པས་ང་ཚོ་བོད་པ་ཚོར་ནས་སོན་འདེབས་སྟངས་དང་ཡོ་ཆས་ལེགས་སུ་གཏོང་སྟངས་སློབ་པའི་སྣང་ཚུལ་རེད”ཅེས་འབྲི་རུ་རྫོང་ཚ་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སྐལ་བཟང་རྣམ་རྒྱལ་གྱིས་གསར་འགོད་པར་འུན་ཤིང་ཀོང་ཇོའི་ཐང་ཆེན་གྱི་ལྡེབས་རིས་ངོ་སྤྲོད་བྱས་པ་མ་ཟད། སྤོབས་པ་དང་བཅས་སྐབས་དེ་དུས་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་ཚ་ཆུ་ཤང་བརྒྱུད་ཡོད་པས་ཞིང་ཆེན་ལམ་བུ་303གྱི་འགྲིམ་འགྲུལ་ལེགས་ཆར་བརྟེན་ནས་ཐང་བོད་གནའ་ལམ་དྲིལ་བསྒྲགས་ཡག་པོ་བྱས་ཏེ་རང་ཡུལ་གྱི་ཡུལ་སྐོར་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་བྱུང་།

    འུན་ཤིང་ཀོང་ཇོ་བོད་དུ་ཕེབས་པ་ནི་སྔ་ས་ནས་རྒྱ་བོད་མི་དམངས་ཀྱི་ཐུན་མོང་གི་དྲན་ཤེས་བཟང་པོ་ཞིག་ཏུ་གྱུར་པ་དང་། མི་རིགས་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་ས་བོན་ལོ་ངོ་སྟོང་གི་སྔོན་ནས་བཏབ་སྟེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁྲག་རྒྱུན་ནང་འདྲེས་ཡོད།

    ད་ཆ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་ཀྱི་ཡོད་ལ་མི་རིགས་ཁག་སེ་འབྲུའི་འབྲུ་བཞིན་རྡོག་རྩ་གཅིག་ཏུ་དམ་པོར་བསྒྲིལ་ཡོད།

    མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་རབ་བྱུང་གཅིག་རིང་གཅེས་སྐྱོང་ཡག་པོ་བྱས་པ།

    ཟླ་12ཚེས་25ཉིན། རང་སྐྱོང་ལྗོངས་ཀྱི“ལམ་གཉིས་ཀྱི་སྙིང་སྟོབས”དྲན་གསོ་ཁང་དུ། དམིགས་བསལ་གྱི་ཡུལ་སྐོར་བ་ཁག་གཅིག་གིས《ཁྲོན་བོད་དང་མཚོ་བོད་གཞུང་ལམ་བཟོ་སྐྲུན་གྱི་ལོ་རྒྱུས་དཔྱད་གཞིའི་པར་གཞི》ལྟ་བཞིན་ཡོད། ཡུལ་སྐོར་བ་དེ་དག་གི་ཁྲོད། བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་ཡོད་ལ། བོད་ལྗོངས་འགྲིམ་འགྲུལ་ཁོངས་གཏོགས་ཀྱི་བློ་མཐུན་རྒན་གྲས་དང་བློ་མཐུན་འདས་པོའི་ནང་མིའི་འཐུས་མིའང་ཡོད་ཅིང་། ཁོང་ཚོ་ནི་རང་སྐྱོང་ལྗོངས་ཀྱི“ལམ་གཉིས་ཀྱི་སྙིང་སྟོབས”དྲན་གསོ་ཁང་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་ཁག་དྲུག་པའི་མིང་བཏགས་ནས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་མཁན་རེད།

    1950ལོའི་དཔྱིད་ཀར། དམག་སྡེ་བཅོ་བརྒྱད་པས་བོད་ལ་ཞི་བས་བཅིངས་འགྲོལ་གཏོང་དགོས་པའི་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་གཞིར་བཟུང་། ལྷོ་ནུབ་ཅུས་དང་། ལྷོ་ནུབ་དམག བོད་ལྗོངས་ལས་དོན་ཨུ་ལྷན་བཅས་ཀྱི་ཐད་ཀའི་འགོ་ཁྲིད་འོག དཔུང་སྐྱོད་བྱེད་རིང་ལམ་བཟོས་པ་རེད། ལམ་སྐྲུན་དམག་ཆེན་གྱིས་འཕྲེད་རྒྱུག་ལ་འཛེག་པ་དང་། འབྲི་ཆུ་སྒྲོལ་བ། ཁུ་ནུ་རི་བོ་བརྒལ་བ་སོགས་རང་བྱུང་འགག་བཙན་དང་འཐབ་ནས་སྔོན་གཤེགས་དཔའ་བོ་3000ལྷག་གིས་ས་མཐོར་རང་སྲོག་ལེགས་སྐྱེས་སུ་ཕུལ་ཡོད། 1954ལོའི་ཟླ་12ཚེས་25ཉིན། ཁྲོན་བོད་དང་མཚོ་བོད་གཞུང་ལམ་དུས་གཅིག་ཏུ་ལྷ་ས་བར་ཤར་གཏོང་ཐུབ་ནས་བོད་ལ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་བོད་ཀྱི་འགྲིམ་འགྲུལ་གྱི་དུས་རབས་གསར་པ་བཏོད་ཡོད།

    དམག་སྡེ་བཅོ་བརྒྱད་པ་བོད་དུ་ཡོང་བ་ནས་བཟུང་། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་གཅེས་སྐྱོང་ཟབ་མོ་བྱས་ཤིང་། མི་རིགས་ཁག་དབར་ཕན་ཚུན་སྐྱོང་རེས་དང་ཕན་ཚུན་བརྩི་འཇོག་གིས་མཛའ་གྲོགས་ཟབ་མོ་ཆགས་ཏེ་མཉམ་དུ་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་བཞིན་ཡོད། ད་ཆ། བོད་སྐྱོད་ལས་བྱེད་པའི་རྗེས་རབས་པ་མི་ཉུང་བ་ཞིག་གིས་རང་ཉིད་ལ“བོད་ཀྱི་མི་རབས་གཉིས་པ”དང་ཐ་ན“བོད་ཀྱི་མི་རབས་གསུམ་པ”ཞེས་འབོད་ཀྱི་ཡོད།

    དེ་དང་ཆབས་ཅིག རང་སྐྱོང་ལྗོངས་ཀྱིས་ད་དུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་གཟེངས་བསྟོད་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་བཏོད་ཡོད། 2019ལོའི་བར། རང་ལྗོངས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་140དང་དཔེ་བཟང་མི་སྒེར་189ཡོད་པ་དང་། རང་སྐྱོང་ལྗོངས་ཀྱིས་གཟེངས་བསྟོད་སྤྲད་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་1794དང་དཔེ་བཟང་མི་སྒེར་2657ཡོད་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་གཡུར་ཟའི་གྲུབ་འབྲས།

    ད་ཆ། མི་རིགས་མི་འདྲ་བའི་མི་དམངས་ཚོ་བོད་ཀྱི་ས་ཆ་ཁག་ཏུ་རྩ་བ་ཚུགས་ཏེ་ཕན་ཚུན་མཛའ་ཞིང་མཐུན་པ་དང་། ཇ་དང་ཚྭ་ལྟར་ཁ་འབྲལ་ཐབས་མེད།

    འདི་ལོ་ལོ་50ལ་སླེབས་པའི་སྨིན་དྲུག་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་དུ་སྡོད་ཀྱི་ཡོད། རྫ་ཆུའི་འགྲམ་ངོགས་ཀྱི་གྲོང་རྡལ་ཆུང་ངུ་འདིར་ཆིང་རྒྱལ་རབས་ཀྱི་་བང་སོའི་ཚོགས་དང་དམག་སྡེ་བཅོ་བརྒྱད་པའི་སྒར་རྒྱག་ས་རང་སོར་བཞག་ཡོད་ཅིང་། གྲོང་རྡལ་གྱི་གྲོང་མིས་ད་དུང་ཚལ་བསྙལ་མ་དང་ཟླ་མཆོད་བག་ལེབ་བཟོ་ཤེས་པ་མ་ཟད། སེང་རྩེད་ཀྱང་རྩེ་ཤེས་ཀྱི་ཡོད།

    སྨིན་དྲུག་གི་མག་པ་གཉིས་ཀ་རྒྱ་རིགས་ཡིན་ཞིང་། བུ་མོ་ཆུང་བ་ཟླ་བ་ལྷ་སྐྱིད་དང་མག་པ་མཱ་ཧྲི་ཧ་ནི་གླ་པ་རྒྱུག་སྐབས་ངོ་ཤེས་པ་དང་། 2015ལོར་ཁྱིམ་ཐབ་བཟུང་། མཱ་ཧྲི་ཧ་ནི་སི་ཁྲོན་ཕན་ཀྲི་ཧྭ་ནས་ཡིན་པ་དང་། ད་ཆ་ཤོ་པ་མདོ་གྲོང་རྡལ་དུ་སྡོད་ཀྱི་ཡོད།

    “ད་ཆ་ང་འདི་གའི་འཚོ་བར་རྦད་དེ་གོམས་འདུག སྒོར་གཞས་འཁྲབ་པ་དང་ཇ་སྲུབས་མ་འཐུང་བ་མ་ཟད་བོད་སྐད་ཤོད་པ་དང་བོད་རིགས་དང་གྲོགས་པོ་མང་པོ་ཡོད་པ”ཅེས་མཱ་ཧྲི་ཧ་ཡིས་བཤད་ཅིང་། འབྱུང་འགྱུར་གྱི་སྐོར་གླེང་སྐབས་ཁོང་གིས་བཟའ་ཟླ་དང་མཉམ་དུ་འབད་བརྩོན་བྱས་ཏེ་འཚོ་བ་དེ་བས་སྐྱིད་པ་ཞིག་སྐྱེལ་རྒྱུ་ཡིན་ཞེས་བརྗོད།

    ཤོ་པ་མདོ་གྲོང་རྡལ་གྱི་མདོར་དེ་སྔ་དམག་སྡེ་བཅོ་བརྒྱད་པའི་སྒར་རྒྱག་ས་རེད། ཨར་འདམ་ལམ་གྱི་གཞོགས་སུ་སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པས་གསར་དུ་སྦོལ་བའི་ས་ཞིང་མུའུ་300ཙམ་ཡོད་པ་དེ་ནི་ད་ཆ་གྲོག་རོང་འཕྲེད་གཞུང་གང་སར་ཁྱབ་སའི་ས་ཞིང་གཤིན་པོ་ཞིག་ཏུ་གྱུར་ནས་སྔར་བཞིན་ཤོ་པ་མདོའི་མི་དམངས་སྐྱོང་བཞིན་ཡོད། མི་རིགས་མཐུན་སྒྲིལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།