[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཁམས་བོད་གཞུང་ལམ་ཐོག་མར་སྐྲུན་སྐབས་ཀྱི་གཏམ་རྒྱུད་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-06

    དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་ཁམས་བོད་གཞུང་ལམ(ད་ཆའི་ཁྲོན་བོད་གཞུང་ལམ)སྐྲུན་སྐབས། བོད་དུ་ད་དུང་དམངས་གཙོའི་བཅོས་སྒྱུར་བྱས་མེད། ལས་ཀ་གང་ཞིག་བྱེད་དགོས་ཀྱང་བོད་ས་གནས་སྲིད་གཞུང་རྙིང་པའི་ཆོག་མཆན་ཐོབ་དགོས་ཀྱི་ཡོད། སྐབས་དེ་དུས་སྲིད་གཞུང་རྙིང་པས་གཞུང་ལམ་སྐྲུན་པའི་ལས་མི་སྐོང་ཐབས་ཀྱང་སྔར་བཞིན་ཐབས་ཤེས་རྙིང་པ་ཡིན་པ་སྟེ། ཁྲལ་འུ་ལག་རྒྱུག་ཏུ་འཇུག་པ་དེ་རེད། ཁྲལ་འུ་ལག་རྒྱུག་པ་ནི་འོས་འགན་ཡིན་པ་ལས་གླ་ཆ་ལེན་པའི་དབང་ཆ་གཏན་ནས་མེད། སྐབས་དེ་དུས་གཞུང་ལམ་སྐྲུན་མཁན་གྱི་བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་གིས་གནས་ཚུལ་དེ་དག་ལ་རྒྱུས་མངའ་དེ་བས་མེད། ལས་མིར་གླ་ཆ་ཐོག་མར་སྤྲོད་སྐབས། མི་གྲངས་གཞིར་བཟུང་གླ་ཆ་འགོ་པར་སྤྲད་དེ་ལས་མིར་འགོ་བཤའ་རྒྱག་ཏུ་འཇུག་གི་ཡོད། མགོ་པ་མི་ཉུང་བ་ཞིག་གིས་དངུལ་དེ་དག་བདག་གིར་བཟུང་བ་དང་། ཁག་གཅིག་གིས་ལས་མིར་སྤྲད་ཀྱང་ཕྲན་བུ་ལས་སྤྲད་མེད། ལས་མི་ཚོས་གནས་ཚུལ་གྱི་ཡོང་རྐྱེན་གསལ་པོ་མ་ཤེས་སྟབས་ད་དུང་འགོ་པར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། དེ་དུས་དཀར་ནག་ཕྱིན་ཅི་རྦད་དེ་ལོག་ཡོད།

    ལམ་སྐྲུན་བཀོད་འདོམས་པུས་གནས་ཚུལ་དེ་ཤེས་རྗེས་གླ་ཆ་སྤྲོད་པའི་ཐག་གཅོད་བྱེད་སྐབས། ལས་གྲྭ་རྩིས་གཉེར་སྡེ་ཚན་གྱིས་ལས་མིའི་འགོ་པ་དང་བཅིངས་འགྲོལ་དམག་གི་འཐབ་འཛིང་བ་ཁྲིད་དེ་ལས་མི་སྒེར་གྱི་ངལ་རྩོལ་མང་ཉུང་གཞིར་བཟུང་གླ་ཆ་སྒེར་ལ་སྤྲོད་པ་དང་། ཕྱིས་སུ་ཚོགས་ཆེན་འཚོགས་ནས་གླ་ཆ་ལས་མི་སོ་སོར་སྤྲོད་ཀྱི་ཡོད། དེ་འདྲ་བྱས་ན་གནད་དོན་ཐག་གཅོད་ཐུབ་ཀྱི་རེད་སྙམ། འོན་ཀྱང་དོན་དངོས་ཐོག་ད་དུང་གནད་དོན་ཐག་གཅོད་ཐུབ་མེད། ལས་མི་འགོ་པར་སྐྲག་ནས་གླ་ཆ་རང་གིས་ཉར་མ་ཕོད་པར། ཉིན་མོ་རག་པའི་གླ་ཆ་དགོང་མོ་འགོ་པར་སྤྲོད་ཀྱི་ཡོད། འགོ་པ་ཁག་གཅིག་གིས་རྐང་བཙུགས་ནས་དངུལ་བསྡུ་ཡི་ཡོད་པས་ན། ལས་མིར་དངོས་སུ་གླ་ཆ་ཕྲན་བུ་ལས་རག་གི་མེད། ལམ་སྐྲུན་བཀོད་འདོམས་པུས་གནས་ཚུལ་དེ་ཤེས་རྗེས། གཅིག་ནས་འགོ་པ་དང་ལས་མིའི་ཁྲོད་དུ་རང་གིས་ལས་ཀ་བྱས་ན་གླ་ཆ་རང་ལ་དབང་བའི་གནས་ལུགས་ཤོད་པ་དང་། ཅིག་ཤོས་ནས་གླ་ཆ་སྤྲོད་པ་དང་དངོས་ཟོག་སྤྲོད་པ་ཟུང་འབྲེལ་བྱས་ཡོད། ལམ་སྐྲུན་བཀོད་འདོམས་པུའི་མཁོ་སྤྲོད་སྡེ་ཚན་གྱིས་ཆེད་མངགས་ལྷ་ས་ནས་དངོས་ཟོག་འབོར་ཆེན་ཉོས་ཏེ། གླ་ཆ་སྤྲོད་སྐབས་ལས་མིའི་དགོས་མཁོ་གཞིར་བཟུང་། གླ་ཆ་གྱོན་གོས་དང་ཟས་རིགས་གང་རུང་ལ་ཕབ་ནས་ལས་མིར་སྤྲོད་ཀྱི་ཡོད། ཡང་མིན་ན་གླ་ཆ་སྤྲོད་སྐབས་མཁོ་སྤྲོད་སྡེ་ཚན་གྱིས་ཉེ་འགྲམ་དུ་གུར་ཕུབ་ནས་ཉིན་རེའི་སྤྱོད་རྫས་སྣ་ཚོགས་བཀྲམ་སྟེ་ལས་མིས་དངོས་ཟོག་ཉོ་བར་སྟབས་བདེ་བསྐྲུན་ཡོད། ཅ་དངོས་ཉོས་རྗེས་ཟ་ལོ་བ་རྣམས་བཟས་པ་དང་སྤྱོད་ཉན་པ་རྣམས་སྤྱད་ཟིན་སྟབས་འགོ་པས་བསྡུ་དགོས་སྙམ་ཡང་བསྡུ་ཐབས་གཏན་ནས་མེད། ཐབས་ཤེས་དེ་དག་སྤྱད་པའི་རྨང་གཞིའི་ཐོག་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གཞན་དག་སྒྲུབ་སྟབས། ལས་མིའི་གླ་ཆ་བདག་གིར་བཟུང་བའི་སྣང་ཚུལ་རེ་གཉིས་ཡོད་ཀྱང་། སྤྱིའི་ཆ་ནས་བརྗོད་ན་ལས་མི་མང་ཆེ་བར་ཕན་པ་ཐོབ་ཡོད།

    དུས་མཚམས་དང་པོའི་ཨར་ལས་མཇུག་འགྲིལ་སྐབས། ལས་མི་ཕ་ཡུལ་དུ་ལོག་པར་དགའ་སྐྱེལ་བཏང་བ་དང་། བོད་དམག་ཁུལ་ཁང་རིག་རྩལ་ཚོགས་པས་ད་དུང་འཁྲབ་སྟོན་བྱས་པས། ཧ་ཅང་འཁྲུག་ཆ་དོད་པོ་ཡོད། དགའ་སྐྱེལ་འདུ་ཚོགས་ཐོག་ལམ་སྐྲུན་གསར་འགོད་པ་ཞིག་གིས་བུད་མེད་ལས་མི་ཞིག་ལ་བཅར་འདྲི་བྱེད་སྐབས། ཉེ་བའི་ལོ་ཤས་རིང་གླ་ཆ་ག་ཚོད་རག་བྱུང་ངམ་ཞེས་འདྲི་དུས། ཁོ་མོས་འཛུམ་དམུལ་དམུལ་ངང“ཟས་གོས་སྡོད་གསུམ་ཕུད་ད་དུང་རྡ་ཡང་399རག་བྱུང”ཞེས་བཤད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་མ་བཏང་བའི་གནས་ཚུལ་འོག་དངུལ་དེ་འདྲ་ཡོང་བ་ནི་ལས་སླ་པོ་ཞིག་གཏན་ནས་མིན། གསར་འགོད་པས་དངུལ་འདི་དག་ཕ་ཡུལ་དུ་ལོག་ནས་བེད་སྤྱོད་གང་འདྲ་གཏོང་རྩིས་ཡོད་དམ་ཞེས་འདྲི་སྐབས། ཁོ་མོས་སེམས་འགུལ་ཚད་མེད་ཐེབས་བཞིན“ང་ཚོ་མི་རབས་མང་པོས་དངུལ་མང་པོ་འདི་འདྲ་མཐོང་མྱོང་མེད། འདི་ནི་གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིས་གནང་བ་ཞིག་རེད། ཕ་ཡུལ་དུ་ལོག་རྗེས་ཕ་མ་དང་བཟའ་ཟླར་ལྟ་རུ་བཅུག་ནས་ཁོ་ཚོ་དགའ་རུ་འཇུག་གི་ཡིན། དེ་ནས་བེད་སྤྱོད་གང་འདྲ་གཏོང་དགོས་མིན་བསམ་བློ་གཏོང་གི་ཡིན”ཞེས་བཤད།

    བོད་ཀྱི་ཞིང་འབྲོག་པ་ཁྲི་ཚོ་བརྒྱ་ཡིས་བྱ་བ་ཆུང་ཙག་འདི་དག་ལས་གུང་ཁྲན་ཏང་དང་། མའོ་ཀྲུའུ་ཞི། བཅིངས་འགྲོལ་དམག་བཅས་ལ་རིམ་བཞིན་རྒྱུས་མངའ་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།