[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་ལ་འགྱུར་བ་བྱེད་དགོས།

    —— རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-06

    ལོ་ལེགས་ཡོང་བའི་སྔ་ལྟས་ཀྱི་ཁ་བ་བབས་རྗེས། སླར་ཡང་ས་མཐོར་ཚོགས་འདུ་གཟབ་རྒྱས་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་ཁྲོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་དེ་རིང་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ལྗོངས་ཡོངས་ནས་ཕེབས་པའི་མི་རིགས་ཁག་དང་ལས་རིགས་ཁག་གི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་དུས་རབས་ཀྱི་ལས་འགན་ལྕི་པོ་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་འཆང་བཞིན་དགའ་སྤྲོ་ལྷན་འཛོམས་དང་། ཐུན་མོང་གི་ངོས་འཛིན་གཅིག་མཐུན། མཉམ་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་འཕེལ་རྒྱས་མྱུར་པོའི་ཇུས་ཆེན་ལ་ལྷན་དུ་གྲོས་མོལ་དང་། ཡུན་རིང་བདེ་འཁོད་ཀྱི་ཐབས་མཆོག་ལྷན་དུ་བཀོད་དེ་གངས་ལྗོངས་ས་མཐོའི་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་འགོད་རྒྱུ་རེད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

    མི་སེམས་ནི་ཆབ་སྲིད་ཆེ་ཤོས་དང་། ཐུན་མོང་གི་ངོས་འཛིན་ནི་ཞུམ་མེད་མདུན་དུ་སྐྱོད་པའི་སྒུལ་ཤུགས་རེད། ད་ཐེངས་ཀྱི་ཚོགས་ཆེན་ནི་རང་ལྗོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཕྱོགས་སུ་བསྐྱོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་དང་བློ་ཐག་ཆོད་པོས་ལག་ལེན་བསྟར་བ། དུས་ཚོད་དམ་འཛིན་དང་དུས་སྐབས་བཟང་པོར་གཅེས་སྤྲས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་རེད། ད་ཐེངས་ཀྱི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དེ་སྔར་ལས་ལྷག་པའི་ངང་བསམ་བློ་གཅིག་གྱུར་དང་གདེང་ཚོད་བརྟན་དུ་བཏང་ནས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་ལ་འགྱུར་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དུས་བབ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    འདས་མ་ཐག་པའི་2019ལོ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལ་ཁ་ཕྱོགས་གསལ་སྟོན་དང་ངོ་བོ་གཏན་འཁེལ་བྱས་ཏེ་འགན་ནུས་དཀྲིས་ཡོད། ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་དམིགས་ནས་ལག་བསྟར་བསམ་འཆར་བཏོན་པ་དང་། འགན་འཁྲི་གསར་པ་གསལ་སྟོན་བྱས་པ། བླང་བྱ་གསར་པ་བཏོན་པ། བཀོད་སྒྲིག་གསར་པ་བྱས་ཡོད། ལོ་གཅིག་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཁོངས་ཞུགས་ཚན་པ། རྒྱ་ཆེའི་ཨུ་ཡོན་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་སྒྲུབ་པ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་འཛུགས་སྐྱོང་གི་གྲུབ་འབྲས་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་ལ་འགྱུར་བར་སྐུལ་འདེད་གཏོང་བ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། འགན་སྒྲུབ་ཀྱི་ལག་ལེན་གསར་གཏོད་བྱེད་པ། འགན་སྒྲུབ་ཀྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད།

    གྲུབ་འབྲས་ནི་མི་རྣམས་ངར་ཤུགས་འཕེལ་བ་ཞིག་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་གནང་བའི་འབྲས་བུ་ཞིག་དང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཞིག མི་དམངས་འཐུས་ཚོགས་དང་སྲིད་གཞུང་གིས་རྒྱབ་སྐྱོར་རོགས་རམ་དང་། རིམ་ཁག་སྡེ་ཚན་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གིས་གཞོགས་འདེགས་དང་རྒྱབ་སྐྱོར་གནང་བའི་འབྲས་བུ་ཞིག ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཁོངས་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་གནང་བའི་འབྲས་བུ་ཞིག་བཅས་རེད། དེར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་དཀའ་སྤྱད་འབད་བརྩོན་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་བློ་གྲོས་དང་སྟོབས་ཤུགས་འདུས་ཡོད། ཉམས་མྱོང་ཧ་ཅང་རྩ་ཆེ་ཞིང་། དེ་ལས་རིམ་ཁག་སྲིད་གྲོས་རྩ་འཛུགས་ནི་རང་ལྗོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡར་ཐོན་ཡོང་བའི་སྟོབས་ཤུགས་གལ་ཆེན་ཞིག་དང་། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་ནི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྒྱབ་རྟེན་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་མངོན་ཡོད། མདུན་ལམ་གྱིས་མི་རྣམས་མདུན་སྐྱོད་བྱེད་པར་སྐུལ་ཞིང་། དེ་ལས་ང་ཚོར་བོད་ཀྱི་སྲིད་གྲོས་ལས་དོན་ལེགས་པར་སྒྲུབ་པར། ངེས་པར་དུ་ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཏང་གི་འགོ་ཁྲིད་སྲིད་གྲོས་ཀྱི་ལས་དོན་མཐའ་དག་ནང་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་སྟངས་འཛིན་གནད་འཁེལ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ། ངེས་པར་དུ་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་ཆེད་དུ་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ། ངེས་པར་དུ་ལྗོངས་བབ་ལ་གཞི་ཚུགས་པ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་སྟངས་འཛིན་བྱེད་པའི་ཐད་ཞིབ་འཇུག་དང་བརྡར་གཅོད་གསར་པ་ཡོད་དགོས་པ། ངེས་པར་དུ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་སྒྲུབ་ཀྱི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ལས་དོན་ཁག་ཕྱོགས་ཡོངས་ནས་སྤུས་ཕན་གཉིས་འཕར་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བློ་སྒོ་ཕྱེ་ཡོད།

    འདི་ལོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་མཐའ་གཅིག་ཏུ་བྱེད་པ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་བར་དང་། དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད། དམངས་འཚོ་དང་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་བར། ང་ཚོས་དུས་གང་རུང་ཞིག་ལས་ཀྱང་མི་དམངས་སྲིད་གྲོས་ཀྱི་དམིགས་བསལ་གྱི་ལེགས་ཆ་དེ་བས་ཡག་པོ་སྤྱོད་པ་དང་འདོན་སྤེལ་ཡག་པོ་བྱས་ཏེ་འགག་སྒྲོལ་དཀའ་སེལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་པ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་དང་བླང་བྱ་གསར་པ་དང་། བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་སྟངས་འཛིན་ནན་པོ་བྱེད་པ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པར་དམིགས་པ། མི་དམངས་སྲིད་གྲོས་ལས་དོན་གྱི་གཙོ་གནད་དང་། གཙོ་རྐང་། བརྗོད་དོན་གཙོ་བོ་དང་། ལྟེ་བའི་ལྷུ་ཚིགས། ཆབ་སྲིད་ཀྱི་འགན་འཁྲི་བཅས་ལ་གཞིགས་ནས་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་འཐབ་ས་གལ་ཆེན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལས་སྟེགས་གཙོ་བོའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ། འགན་སྒྲུབ་ལག་ལེན་སྔར་བས་གསར་གཏོད་བྱེད་པ་དང་། ཐབས་ལམ་གལ་ཆེན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ཐབས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཐད་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་ལ་འགྱུར་བ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསམ་བློ་གསར་པ་དང་རིགས་པའི་གཞུང་ལུགས་གསར་པ་སློབ་སྦྱོང་ལག་ལེན་བསྟར་བ་དང་། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། གསར་འབྱེད་གསར་གཏོད་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེའུ་གསར་པ་རྩོམ་དགོས།

    ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།