[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱིས་ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་4000ལྷག་ཙམ་གྱི་འགག་སྒོ་ནས་ཐོག་མར་བསྒྲལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-09

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་7ཉིན་འགོ་ཚུགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་ནས་ཤེས་རྟོགས་བྱས་པར། བོད་ལྗོངས་ཀྱིས་2019ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4000ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་560ཟིན་ཡོད་པ་དང་། ཞིང་འབྲོག་པ་ཁྲི་40ཡུལ་སྐོར་ཐོན་ལས་ལ་ཞུགས་པས་དབུལ་སྒྲོལ་འགག་སྒྲོལ་ལ་སྔར་བས་རམ་འདེགས་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་རིམ་གྱིས་འཐུས་སྒོ་ཚང་དུ་སོང་ནས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ཐུབ་ནས་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ལ་གྱུར་ཡོད། ལྗོངས་ཡོངས་ཀྱི་རིག་གནས་འཁྲབ་རྩལ་ལས་རིགས་ཀྱིས་ཞིང་འབྲོག་པ་ཁྲི་1.6ཙམ་ལས་ཞུགས་གཞན་སྒྱུར་བྱས་པས། མི་རེར་ཆ་སྙོམས་ལོར་ཡོང་འབབ་སྒོར་17000བྱུང་ཡོད། 《འུན་ཤིང་ཀོང་ཇོའི》དངོས་ལྗོངས་ཟློས་གར་ཆེ་གྲས་ཀྱིས་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་300ཙམ་ལ་སྣེ་ལེན་ཞུས་པར་རིམ་རྩིས་བྱས་ན་མི་ཐེངས་4000ལྷག་ཙམ་ལས་ཞུགས་ཐུབ་ནས། གླ་ཆ་སྒོར་དུང་ཕྱུར་2.3ལྷག་ཙམ་སྤྲད་ཡོད། གསར་དུ་འཁྲབ་པའི《གྱིམ་ཤིང་ཀོང་ཇོ》དངོས་ལྗོངས་ཟློས་གར་ཆེ་གྲས་ཀྱིས་ལས་ཞུགས་ལས་གནས་700ཙམ་མཁོ་འདོན་བྱས་ཡོད། ཟློས་གར་འདི་གཉིས་བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་རྟགས་རྣམ་གྲངས་ལ་གྱུར་ནས་དཔལ་འབྱོར་དང་སྤྱི་ཚོགས་གཉིས་ཀར་ཕན་པ་ཐོབ་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས“དགུན་དུས་བོད་ལ་ཡུལ་སྐོར་བྱེད”པའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ལྗོངས་ཕྱི་ནང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། 2018ལོའི་ཟླ་2པ་ཚུན་དུ་བོད་ལྗོངས་ཀྱིས“དགུན་དུས་བོད་ལ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོ་ཐེངས་གསུམ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ཡུལ་སྐོར་བ་ཉུང་དུས་ཀྱི་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་འཕེལ་ཆེད་རེད། གོང་གི་རེས་སྐོར་གཉིས་ལ་ཁྱོན་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་60ཟིན་པ་དང་། རེས་སྐོར་གསུམ་པ་2019ལོའི་ཟླ་10པར་འགོ་བཙུགས་ནས་2020ལོའི་ཟླ་3པར་མཇུག་འགྲིལ་རྒྱུ་རེད། གཞན་ཡང་བོད་ལྗོངས་ཀྱིས་2019ལོར་ད་དུང་རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་འགྲུལ་ལམ་ཐིག་10གསར་པ་བསྣན་པ་མ་ཟད། ལྷོ་ཁ་ལྷུན་རྩེ་གནམ་ཐང་སོགས་ཉིང་ལག་མཁའ་ལམ་གྱི་གནམ་ཐང་3གྱི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།