[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྤྲེལ་ཁམ་ལས་མི་རིགས་མཐུན་སྒྲིལ་ཟབ་ཏུ་ཕྱིན་པ།

    བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཀྲེང་ཐན་ཁྲེང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-14

    ཀྲེང་ཐན་ཁྲེང་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཞིང་དར་སྤྲེལ་ཁམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡིན་པ་དང་། ཁོང་རྒྱུས་མངའ་ཡོད་པའི་མང་ཚོགས་ཚང་མས་ཁོང་ལ་བྱམས་བརྩེའི་ངང“ཀྲེང་ལགས”ཞེས་འབོད་ཀྱི་ཡོད། 2001ལོར་བོད་དུ་ཡོང་ནས་ད་བར་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་གཞོལ་བཞིན་ཡོད། ལོ་18རིང་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རོགས་རེས་དང་མཉམ་དུ་འཕེལ་རྒྱས་ཡོང་བ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི“སྦྲེལ་ཟམ”བཙུགས་ནས་མི་རིགས་མཐུན་སྒྲིལ་དང་། ཐོན་ལས་མཐའ་བརྟན། དབུལ་སྒྲོལ་འགག་སྒྲོལ་བཅས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ་མིག་དཔེ་སྟོན་ཡོད་པ་རེད།

    2001ལོར་ཀྲེང་ཐན་ཁྲེང་ཐོག་མར་བོད་དུ་འབྱོར་སྐབས་བོད་ཀྱི་སྲིད་ཇུས་བཟང་པོ་དང་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་མཐོང་བ་དང་། མཐའ་མཚམས་རྫ་ཡུལ་དུ་སླེབས་རྗེས་ཁོང་ལ་གནམ་གཤིས་ཀྱི་ཆ་རྐྱེན་ལེགས་པ་དང་གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ་མྱོང་རོལ་ཐུབ་པ་དེས་ཁོང་གིས་རྫ་ཡུལ་དུ་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆོད་སེམས་དང་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། ཁོང་ལ་ལོ་ངོ་བཅུ་ལྷག་ཙམ་གྱི་ཉམས་མྱོང་དང་མ་དངུལ་ཡོད་པ་མ་ཟད། ལག་རྩལ་ཡང་བྱང་ཆུབ་པོ་ཞིག་ཡོད་མོད། འོན་ཀྱང་སྤྲེལ་ཁམ་འཕེལ་རྒྱས་གཏོང་བའི་བསམ་འདུན་སྔར་བཞིན་མངོན་འགྱུར་བྱུང་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་སྤྲེལ་ཁམ་འདེབས་རྒྱུར་འཚམ་པའི་ས་ཆ་མེད་པ་དེ་རེད། སྐབས་དེ་དུས་ས་མཐོར་སྤྲེལ་ཁམ་འདེབས་འཛུགས་བྱེད་མྱོང་མེད་པས་མང་ཚོགས་ཀྱིས་དོ་ཁུར་དེ་ཙམ་མི་བྱེད་པ་མ་ཟད་ཚོད་འདེབས་ཀྱང་བྱེད་མཁན་མེད།

    2011ལོར་རྫ་ཡུལ་རྫོང་གིས་ཞིང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་ཆེད་སྤུས་ལེགས་ཀྱི་ཐོན་ལས་རྣམ་གྲངས་ཁག་གཅིག་གཏོད་རྒྱུའི་སེམས་ཐག་བཅད་ཡོད། ཀྲེང་ཐན་ཁྲེང་གིས་གོ་སྐབས་དེ་དང་བསྟུན་ནས་འཕྲལ་མར་ཤག་གཉིས་གྲོང་ཚོའི་ཏེང་པ་བའི་གྲོགས་པོ་བཙལ་ནས་གནས་ཚུལ་དེ་གྲོས་བསྡུར་བྱས་རྗེས་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་ཤག་གཉིས་གྲོར་ཚོར་ཞིང་དར་སྤྲེལ་ཁམ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། སྤྲེལ་ཁམ་འདེབས་ཡུལ་ས་ཞིང་མུའུ་20འགན་གཙང་བླངས་པ་རེད། དུས་དེ་ནས་བཟུང་ཀྲེང་ཐན་ཁྲེང་གིས་ཏེང་པའི་སྤུན་གྲོགས་ཚོའི་སྣེ་ཁྲིད་དེ་འབྲས་ཤིང་ལྡུམ་རར་སྡོང་ཕྲུག་རེ་རེ་བཞིན་བདག་སྐྱོང་ཡག་པོ་བྱས་པ་དང་། ཁོང་གིས་ཡང་བསྐྱར་མ་དངུལ་གྲབས་གསོག་བྱས་ནས་སྤྲེལ་ཁམ་འདེབས་འཛུགས་རྟེན་གཞི་མུའུ་50ཙམ་རྒྱ་ཆེར་བཏང་བ་རེད།

    2018ལོར་ཀྲེང་ཐན་ཁྲེང་གི་སྤྲེལ་ཁམ་ལ་དེ་སྔའི་རྒྱལ་ཁབ་ཞིང་ལས་པུའུ་ཡི“ལྗང་མདོག་བཟའ་བཅའི”དཔང་བདེན་ར་སྤྲོད་དང་ས་གཤིས་མཚོན་རྟགས་དཔང་བདེན་ར་སྤྲོད་རག་ནས་མཉམ་ལས་ཁང་དེ་བོད་ལྗོངས་རྫ་ཡུལ་རྫོང་ཞིང་དར་སྤྲེལ་ཁམ་ཚད་ཡོད་ཀུང་སིར་འཕེལ་རྒྱས་བྱུང་བ་དང་། རྟེན་གཞིར་མུའུ་50ནས་མུའུ་1050བར་འཕེལ་རྒྱས་བྱུང་ཡོད།

    ཞུང་ཝུའེ་ལུང་ལ་རོགས་སྐྱོར་བྱས་པ་ནས་བཟུང་། ཀྲེང་ཐན་ཁྲེང་གིས“ཀུང་སི+རྟེན་གཞི+ཞིང་དུད”ཀྱི་ཐོན་སྐྱེད་རྣམ་པ་བཏོན་པ་དང་། ཁོང་གིས་རང་ཉིད་ཀྱི་རྟེན་གཞིར་མང་ཚོགས་ལ་འདེབས་རྩལ་སློབ་པ་དང་འབྲེལ་སྡོང་ཕྲུག་ཉོ་སྒྲུབ་དང་ཐོན་རྫས་ཕྱིར་ཚོང་སོགས་ལ་རྒྱབ་སྐྱོར་དང་མང་ཚོགས་རང་ཉིད་ཀྱིས་འདེབས་པ་དང་མང་ཚོགས་ཀྱི་འབབ་འཕར་མང་དུ་གཏོང་བར་རོགས་རམ་བྱས་ཡོད། ཀྲེང་ཐན་ཁྲེང་གི་སྣེ་ཁྲིད་ཧུར་ཐག་དང་ཞུང་ཝུའེ་ལུང་གི་གྲུབ་འབྲས་ཐོབ་པའི་དཔེ་སྟོན་འོག ཤག་གཉིས་གྲོང་ཚོ་དང་སྤྱི་གཏོང་གྲོང་ཚོའི་དུད་ཚང་23གྱི་ཏེང་པའི་མང་ཚོགས་ཀྱིས་རང་འགུལ་ངང་སྤྲེལ་ཁམ་མུའུ་140ལྷག་ཙམ་བཏབ་པ་དང་། དུད་ཁྱིམ་23གྱིས་བཏབ་པའི་སྤྲེལ་ཁམ་ལ་འདི་ལོ་འབྲས་བུ་ཐོག་མར་བཏགས་ནས་ཐོན་འབབ་རྒྱ་མ་ཁྲི་5ལྷག་ཙམ་བྱུང་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་120ཟིན་ཡོད། 2020ལོར་ཐོན་འབབ་ལེགས་པའི་དུས་སུ་སླེབས་ཀྱི་ཡོད་པས་ཐོན་འབབ་རྒྱ་མ་ཁྲི་20ཡན་དང་ཐོན་རྫས་རིན་ཐང་སྒོར་ཁྲི་500ཡན་ཟིན་རེ་ཡོད།

    ཉེ་བའི་ལོ་ཤས་རིང་། ཀྲེང་ཐན་ཁྲེང་གི་སྣེ་ཁྲིད་འོག་རྫ་ཡུལ་རྫོང་གི་གྲོང་ཚོ་6ཏུ་སྤྲེལ་ཁམ་གྱི་ཐོན་ལས་འཕེལ་རྒྱས་བཏང་བ་དང་། སྤྱིའི་གཞི་ཁྱོན་མུའུ་2352(དེའི་ནང་ཏེང་པ་གནས་སྡོད་བྱ་ཡུལ་གྲོང་ཚོར་འདེབས་ཁྱོན་མུའུ་1440ཟིན་གྱི་ཡོད)ཟིན་པས་གྲོང་ཚོ་6གི་དུད་ཚང་281གི་མི་གྲངས་1456ཐད་ཀར་སྐུལ་ཁྲིད་ཀྱིས“རང་ས་རང་ཡུལ་ནས་མི་བྲལ་བར”ཐོན་ལས་འཕེལ་རྒྱས་གཏོང་བར་ཞུགས་ཡོད། བསྡོམས་རྩིས་ལ་གཞིགས་ན། 2019ལོར་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་སྤྲེལ་ཁམ་མུའུ་1000ལྷག་ཙམ་ལ་འབྲས་བུ་བཏགས་པ་དང་མང་ཚོགས་ལ་ས་ཞིང་ནང་བཤུག་གི་མ་དངུལ་སྒོར་ཁྲི་126དང་། ལས་གཉེར་གླ་ཆ་སྒོར་ཁྲི་300 གྲོང་ཚོའི་མཉམ་སྡེབ་ལ་ཁེ་སྤོགས་སྒོར་ཁྲི་20ལྷག་ཙམ་བཅས་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།