[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དུ་སྐྲུན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-14

    2020ལོའི་ཟླ་1ཚེས་1ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ལ་མོས་ཤོག་ཆ་ཚང་ཐོག་ནས་གྲོས་འཆམ་བྱུང་བ་རེད། བརྡས་ཐག་བཅད་པའི་འབྲས་བུ་དེ་ལས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་དེ་དུས་རབས་གསར་པའི་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་མཐུན་པ་དང་། ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཚད་མཐོའི་གཅིག་གྱུར་མཚོན་པ་མ་ཟད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཟབ་མོ་དང་ཐུན་མོང་གི་བསམ་འདུན་ཡང་མངོན་པ་གསལ་བཤད་གང་ལེགས་ཐུབ་ཀྱི་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བཅའ་ཁྲིམས་ལ་དད་མོས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་ལྟར་བྱ་བ་བསྒྲུབས་ཚེ། མི་རིགས་མཐུན་སྒྲིལ་ལ་གཞི་ནས་འགན་སྲུང་ཡོད་པ་དང་། མི་རིགས་ཀྱི་འབྲེལ་བ་གཞི་ནས་བརྟན་དུ་གཏོང་ཐུབ”ཅེས་གསུངས་ཤིང་། ཁྲིམས་ལྟར་བོད་སྐྱོང་ནི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་ཐབས་ལམ་དང་། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ། མི་རིགས་ཀྱི་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་འགན་སྲུང་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་མཐའ་འཁྱོངས་བྱེད་པའི་འགག་རྩའི་ལྷུ་ཚིགས་བཅས་རེད་ལ་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་གྱི་གཞི་རྩའི་ཉམས་མྱོང་ཞིག་ཀྱང་རེད།

    བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་ཐོག་མཐའ་བར་གསུམ་དུ་རླབས་ཆེན་མེས་རྒྱལ་གྱི་ལས་དབང་དང་དམ་པོར་འབྲེལ་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཀྲུང་གོ་གུང་ཁྲན་ཏང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཏུ་བསྐྱོད་དེ་འོད་སྟོང་འབར་བའི་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་ཞིག་བརྩམས་ཡོད། དུས་རབས་གསར་པར་སླེབས་རྗེས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་གི་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩིས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་སྤེལ་ཏན་ཏིག་བཏང་ནས“ཁ་འབྲལ་ཐབས་མེད་པ་གསུམ”དང“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ”སོགས་ཀྱི་བསམ་བློ་མི་སེམས་ལ་ཟུག་པར་བྱས་པས། ལྗོངས་ཡོངས་སུ་མི་རིགས་ཁག་དབར་གཉེན་ཉེ་འཆམ་མཐུན་དང་། ལྟ་རེས་སྐྱོང་རེས། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད།

    ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་དང་བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་གཏོད་བཞིན་པ་ནི་དུས་རབས་གསར་པའི་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གསོན་ཉམས་དོད་པའི་མཚོན་ཚུལ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་རིན་ཐང་གཉེར་ཕྱོགས་ཤིག་ཀྱང་རེད། ད་རེས་ཀྱི་ཚོགས་ཆེན་ཐོག་བཅའ་ཁྲིམས་ཀྱི་ཐོག་ནས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རིགས་པའི་གཞུང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱས་པའི་གྲུབ་འབྲས་གཅིག་སྡུད་མཚོན་པ་དང་། རྩེ་རིམ་ཇུས་འགོད་ཡིན་པའི་ཁྲིམས་འཛུགས་ལ་གྲོས་འཆམ་བྱུང་བ་དེས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་བཤངས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་དུས་རབས་ཀྱི་སྙིང་སྟོབས་དང་། སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན། བཅའ་ཁྲིམས་དད་མོས་བཅས་ཀྱི་ལྟེ་བའི་ནང་དོན་ཡིན་པ་གང་ལེགས་མངོན་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་བློ་རྩ་བརྟན་པོ་ཡོད་པ་གང་ལེགས་མངོན་ཡོད།

    སྲོལ་ཡིག་དེར་ཆུ་ཚད་ལྡན་ལ་ནུས་པ་དེ་བས་ལྡན་པ་དང་རང་རྟོགས་ཡོད་ལ་གདེང་ཚོད་ཀྱང་དེ་བས་ཡོད་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་འགྲོ་བ་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་མ་ཐེབས་ངེས་ཡིན་པ་དང་། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྔར་བས་སྐུལ་མ་ཐེབས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་ཡུན་རིང་བདེ་འཁོད་འགན་ལེན་ལ་མཚོན་ཆ་ནུས་ལྡན་ཞིག་མཁོ་འདོན་ཐུབ་ངེས་ཡིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྔར་བས་ཟབ་ཏུ་སོང་ནས། མི་རིགས་ཁག་གི་མི་དམངས་རྣམས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་ཐུན་མོང་ཐོག་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་ཐུབ་ངེས་རེད།

    《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》གི་མངོན་གསལ་དོད་པའི་དུས་རབས་ཀྱི་ཁྱད་ཆོས་དང་ཁ་གསལ་བའི་ཁྲིམས་འཛུགས་ཀྱི་ངེས་གནས་ནི“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད”ཅེས་པ་ཡིན་ཞིང་། དེའང་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲིམས་འཛུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་ནི། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་དང་། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན། མི་རིགས་ཁག་གི་མི་དམངས་ཚོས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་དང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་གཏོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གཟི་བརྗིད་དང་ཕུགས་འདུན་མཉམ་སྤྱོད་བཅས་ཀྱི་འགན་སྲུང་གལ་ཆེན་ཞིག་རེད།

    ང་ཚོས《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་དང་ཕྱོགས་ཡོངས་ནས་ལག་ལེན་གཏིང་ཟབ་བསྟར་བ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་འགན་ཨང་དང་པོ་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་ཚུགས་གནས་མཐོ་རུ་གཏོང་བ་དང་། ངོས་འཛིན་ཟབ་ཏུ་གཏོང་བ། འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དུད་ཚང་ཚང་མས་ཤེས་པར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ཁྲིམས་བཞིན་གཏོད་རྒྱུ་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་ལ་གྱུར་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་བོད་ལྗོངས་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དུ་སྐྲུན་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།