[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • གངས་ལྗོངས་ས་མཐོར་སྟོན་ཉམས་རྒྱས། མཛེས་སྡུག་རྣམ་པས་ཡིད་དབང་འཕྲོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    673932_yis_1572155419688_s.jpg

    སྟོན་ཉམས་ཀྱིས་རྒྱན་པའི་ཕོ་བྲང་པོ་ཏ་ལ།

    ཟླ་བཅུ་པར། གངས་ལྗོངས་ཉི་འོད་གྲོང་དུ་སྟོན་གྱི་རང་མདངས་ལྷག་པར་རྒྱས། ལྗོན་ཤིང་གི་ལོ་འདབ་སེར་ཐིང་ཐིང་དུ་གྱུར་ནས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་པར་བྱེད། ལ་ལས་གལ་ཏེ་ཁྱེད་སྟོན་དུས་སུ་བོད་ལ་སྐྱོད་མྱོང་མེད་ཚེ་ས་ཆ་འདིའི་དུས་ཚིགས་མཛེས་ཤོས་གང་འདྲ་ཡོད་པ་ནམ་ཡང་ཚོར་མི་ཐུབ་ཅེས་བརྗོད་ཀྱི་ཡོད་ལ། ཡང་ལ་ལས་གལ་ཏེ་ཁྱེད་ཀྱིས་སྟོན་དུས་ཀྱི་བོད་ལྗོངས་མཐོང་མྱོང་མེད་ཚེ་རང་བྱུང་ཁམས་ལས་བྱུང་བའི་འཛམ་གླིང་གི་མཛེས་པ་འདི་ལྟ་བུ་མྱོང་ཚོར་ཐུབ་མི་སྲིད་ཅེས་བརྗོད་ཀྱི་ཡོད།

    ལྷ་སའི་སྟོན་དུས་ནི་ས་ཆ་གཞན་དང་མི་འདྲ་ཞིང་། གནས་འདིའི་སྟོན་དུས་དྭངས་ཤིང་གཙང་ལ་ཧ་ཅང་མཛེས་སྡུག་ལྡན།

    ལྷ་སར་སྟོན་ཁ་འཆར་སྐབས། གྲང་ཤུར་ཤུར་གྱི་སྐྱིད་སྣང་ཞིག་མངོན་ཞིང་། ལྷ་ས་སྐྱིད་ཆུ་བརྒྱུད་སྐབས་རི་སྔོ་ཞིང་ཆུ་དྭངས་བ་དང་། ཐག་རིང་ལྗོན་ཤིང་དག་གིས་གསེར་མདོག་གི་གོས་གྱོན་པ་དང་། གཡའ་དག་པའི་ནམ་མཁའི་འོག་ས་གཞི་གསེར་མདོག་གིས་རྒྱན་ནས་མཛེས་ཤིང་ལྟ་ན་སྡུག་ལ་གསོན་ཉམས་ལྡན་པའི་རང་བྱུང་གི་མཛེས་ཉམས་ཤིག་རང་ཤུགས་སུ་མངོན།

    ལྷ་སའི་སྟོན་དུས་ནི་གནའ་ཉམས་དོད་ལ་ངོ་མཚར་ཆེ་ཞིང་། ཁྱེད་ཀྱིས་ཕོ་བྲང་པོ་ཏ་ལའི་ཡང་རྩེ་ནས་རྒྱང་ལྟ་བྱས་ཚེ་སྟོན་ཉམས་ཀྱིས་ཕྱུག་པའི་ལྷ་ས་ཁྱེད་ཀྱི་མིག་ལམ་དུ་འཆར་སྲིད། ནམ་མཁའ་གཡའ་དག་ལ་སྤྲིན་དཀར་དར་དཀར་གྱི་ཡོལ་བ་འཐེན་པ་བཞིན་མཛེས་པ་དང་། རྒྱང་རིང་གི་རི་སྟེང་ཁ་བས་བཀླུབས་ཤིང་ཉེ་འགྲམ་གྱི་ལྷ་ས་སྐྱིད་ཆུ་ནས་གསེར་འོད་ཆེམ་ཆེམ་དུ་འཕྲོ། གསེར་མདོག་དང་ལྗང་མདོག་གི་ལྕང་མའི་ལོ་མས་ཁང་པ་དང་ཁྲོམ་གཞུང་ལེགས་པར་རྒྱན། བོད་བཟོའི་ཁང་པའི་ཐོག་སྟེང་དུ་བསང་དུལ་འཕྱུར་ཞིང་ཚོན་མདོག་སྣ་ལྔའི་དར་ལྕོག་ལྷབ་ལྷུབ་ཏུ་གཡོ། ས་གཞི་ཆེན་པོར་འཁྲུག་ཆ་དོད་ལ་བཀྲ་ཤིས་པའི་རྣམ་པས་ཁེངས།

    སྟོན་དུས་ཀྱི་ལྷ་སར་དྲོ་ཞིང་འཇམ་པའི་ཉི་འོད་འཕྲོ་བ་དང་དེས་ཁྱེད་ཀྱི་ལུས་ལ་དྲོ་སྐྱིད་སྦྱིན་སྲིད་ལ། སེམས་ལ་སྤྲོ་སྣང་ཞིག་ངང་གིས་སྦྱིན་བཞིན་ཉིན་གང་གི་ངལ་དུབ་སྤྲིན་ལྟར་ཡལ་སྲིད། སྟོན་དུས་ཀྱི་ཉི་འོད་འོག་རི་བོ་དག་ལས་གསེར་མདངས་རྒྱས་ཤིང་ལྗོན་ཤིང་དག་ལས་གསེར་འོད་འཕྲོ། ལྷ་སའི་ཁ་རླུང་དྭངས་ཤིང་གཙང་བས་དབུགས་འབྱིན་རྔུབ་བྱེད་ཐེངས་གཅིག་གིས་ཀྱང་གློ་བའི་བཙོག་རླུང་དག་དེ་མ་ཉིད་དུ་གཙང་སེལ་བྱེད་ཐུབ། ལྷ་སའི་ཆུ་བོ་དྭངས་ཤིང་གཙང་ལ་དྲི་མ་མེད་པས་རླབས་ཕྲེང་རེ་རེ་ལས་དྭངས་གཙང་ལྷད་མེད་ཀྱི་སྣང་བ་ཞིག་སྦྱིན། ཁོར་ཡུག་དེ་ལྟ་བུའི་འོག་བོད་བཟོའི་ཁང་པ་དག་ལས་བརྗིད་ཆགས་ཉམས་དང་ལྡན་པའི་རྣམ་པ་ཞིག་མངོན། ཁང་པ་དེ་དག་གི་སྒེའུ་ཁུང་ཕལ་ཆེ་བ་དམར་མདོག་ཡིན་པས་ཉི་འོད་འཕྲོ་སྐབས་པར་སྒྲོམ་བསྒྲིགས་པ་ལྟར་དུ་སྣང་།

    ལྷ་སའི་སྟོན་དུས་ཀྱི་ལ་ཁའི་ཉི་འོད་ཀྱིས་དགོན་སྡེ་དང་དར་ལྕོག་དེ་བས་མཛེས་པར་བྱེད་ཅིང་། དེ་དག་ལས་ལྷུན་སྡུག་དང་། མཐའ་ཡས། བརྗིད་ཉམས་བཅས་ཀྱི་རྣམ་པ་ཞིག་མངོན། འདི་ལྟ་བུའི་དུས་ཚིགས་སུ་གནས་དེ་ལས་བྲལ་མི་འདོད་པར་རི་མོ་ལྟ་བུའི་ཁོར་ཡུག་ལ་རྒྱང་ལྟ་བྱེད་ཀྱིན་ཁ་ཁུ་སིམ་པོས་མྱོང་རོལ་དང་། བསམ་གཞིགས། ཤེས་རྟོགས་བཅས་བྱས་ཚེ་སེམས་ནང་གི་སུན་སྣང་མཐའ་དག་ཡལ་ནས་བླ་ན་མེད་པ་དང་བརྗིད་ཉམས་ལྡན་པའི་ཚོར་བ་ཞིག་ངམ་ངམ་ཤུགས་ཀྱིས་ཡོང་སྲིད།

    673931_yis_1572155419189_s.jpg

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་ཀྱི་སྟོན་ཉམས།

    673930_yis_1572155418378_s.jpg

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་ཀྱི་སྟོན་ཉམས།

    673929_yis_1572155417879_s.jpg

    ལྷ་ས་སྐྱིད་ཆུའི་སྟོན་ཉམས།

    673927_yis_1572155416834_s.jpg

    སྟག་རྩེ་ཆུས་ཀྱི་གསེར་མདོག་རྫིང་བུའི་མཛེས་སྡུག་ལྡན་པའི་སྟོན་ཉམས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།