[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • ཡར་ངོའི་ཟླ་ལ་འགྲན་བཞིན་པའི་དགའ་སྡོང་བོད་ལྷམ་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-27

    398613_yis_1495603545741_s.jpg

    མཉམ་ལས་ཁང་དུ་བོད་ལྷམ་འཚེམ་བཞིན་པ།

    དེ་སྔ་ལོ་རྒྱུས་ཀྱི་རྐྱེན་པས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ལག་རྩལ་མང་པོ་ཞིག་གོ་རྒྱུ་ཚོར་རྒྱུ་མེད་པར་གྱུར་པ་ཇི་བཞིན་དགའ་སྡོང་བོད་ལྷམ་བཟོ་རྩལ་ཡང་སྟོངས་ལ་ཉེ་བའི་མཚམས་སུ་གྱར། འོན་ཀྱང་། ཉེ་བའི་ལོ་འགའི་རིང་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་གཞིགས་ནས། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་དར་རྒྱས་སྲོལ་རྒྱུན་གྱོན་ཆས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཐོག་མཐའ་བར་གསུམ་དུ་སྟོངས་ལ་ཉེ་བའི་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཏེ། བོད་ལྷམ་བཟོ་རྩལ་འཐུས་ཚང་དང་འཕེལ་རྒྱས་གཏོང་བར་བྲེལ་བཞིན་ཡོད། མཉམ་ལས་ཁང་དེའི་ཁྲིམས་ཚན་འཐུས་ཚབ་པ་སངས་ཚེ་རིང་གི་གྲོས་འགོ་དང་སྣེ་ཁྲིད་འོག་གླ་ཆ་མཐོ་པོ་སྤྲད་ནས་བོད་ལྷམ་འཚེམ་བཟོ་ཆེ་མོ་བ་གདན་དྲངས་ཏེ་བོད་ལྷམ་བཟོ་རྩལ་གཅིག་སྡུད་ཐོག་གསོ་སྦྱོང་བྱས་ཤིང་། མིག་སྔར་མཉམ་ལས་ཁང་ལ་ལས་མི་45དང་ལག་རྩལ་ཆེ་མོ་བ་15ཡོད། དུས་ཐུང་ལོ་གཉིས་ནང་དགའ་སྡོང་བོད་ལྷམ་བཟོ་རྩལ་གྱིས་གཙོས་པའི་མི་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་སྣ་ཚོགས་ཀྱི་བཟོ་རྩལ་སྦྱོང་མཁན་མི་40ལྷག་ཙམ་ཟིན་པ་དང་མཉམ་ལས་ཁང་དེས་བཟོས་པའི་བོད་ལྷམ་ཁྲོམ་རར་བཏོན་རྗེས་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    པ་སངས་ཚེ་རིང་ནི་དགའ་སྡོང་གྲོང་རྡལ་མ་དབྱེར་གྲོང་ཚོ་ནས་ཡིན་ཞིང་། སྲོལ་རྒྱུན་ལག་ཤེས་ལ་དུང་ཞེན་ཆེས་ཆེ་བས། རང་ཉིད་ཀྱི་ཕུགས་འདུན་དང་སེམས་ནུས་ཡོད་དོ་ཅོག་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་བཞག་ཡོད། ཁོང་ནི་དཀའ་སྤྱད་ངལ་རྩོལ་དང་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བའི་ཕྱུག་འགྱུར་སྣེ་ཁྲིད་མཁན་ཞིག་དང་། མང་ཚོགས་ཀྱིས་བློས་འགེལ་ཆོག་པའི་མི་ཞིག་ཡིན་ལ། དགའ་སྡོང་གྲོང་རྡལ་གྱི་ཞིང་འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་མཁན་གྱི་སྣེ་ཁྲིད་པའང་ཡིན།

    2012ལོའི་ཟླ་4པར་བཙུགས་པའི་དགའ་སྡོང་གྲོང་རྡལ་དར་རྒྱས་སྲོལ་རྒྱུན་གྱོན་ཆས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཁོངས་མིར་ཞབས་ཞུ་དང་ཁོངས་མི་ཡོངས་ཀྱི་སྤྱི་པའི་ཁེ་ཕན་དོན་གཉེར་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། དགའ་སྡོང་བོད་ལྷམ་གྱིས་གཙོས་པའི་ཐོན་ཟོག་ཚོང་གཉེར་བྱེད་པ་ཕུད། ད་དུང་བོད་ལྭ་དང་། འབུ་རས་ཀྱི་འོག་འཇུག བོད་བཟོའི་ལྟོ་ཕད(ཀོ་བ)སོགས་སྲོལ་རྒྱུན་གྱི་གྱོན་ཆས་སྣ་ཚོགས་དང་དེ་བཞིན་མི་རིགས་ཀྱི་ཁྱད་ལྡན་ཡུལ་སྐོར་དྲན་རྟེན་དངོས་པོའང་འཚོང་གི་ཡོད། ཚང་མས་ཤེས་གསལ་ལྟར། སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་པའི་བྱང་ཆུབ་པའི་ལག་རྩལ་དང་མི་རིགས་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ད་ཡོད་ཀྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་གྲུབ་ཆ་ལུགས་མཐུན་དང་། དོ་དམ་འཐུས་ཚང་། སྤུས་ཚད་ལེགས་པ་བཅས་ཀྱི་བསླས་འཐག་ཐོན་ལས་ཀྱི་མ་ལག་ཅིག་རིམ་བཞིན་ཆགས་པ་བྱ་རྒྱུ་དེས་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་དང་། བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ནུས་པ་ཧ་ཅང་ཆེན་པོ་ཐོན་གྱི་ཡོད། དེས་ན་རིག་གནས་ཀྱི་ཁྱད་ཆོས་ལ་བརྟེན་ནས་སྲོལ་རྒྱུན་ལག་ཤེས་ཐོན་ལས་ལག་རྩལ་ཡུལ་སྐོར་ཁྲོམ་རའི་ཐོག་བཏོན་ན་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཕན་པ་ཡོད་པ་མ་ཟད། བོད་ཀྱི་ཕུལ་བྱུང་གི་མི་རིགས་རིག་གནས་དར་སྤེལ་གཏོང་བར་ཡང་ཕན་པ་ཡོད།

    མཉམ་ལས་ཁང་གིས་སྔ་རྗེས་སུ་དུད་ཚང་དབུལ་པོའི་བུ་ཕྲུག་40ལྷག་ཙམ་ལ་མི་རིགས་ལག་ཤེས་བཟོ་རྩལ་གསོ་སྦྱོང་དང་སློབ་ཚན་ཁྲིད་པས། ཁོང་ཚོས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་དེ་ཁྱིམ་ཚང་གི་ཡོང་འབབ་འཕར་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད། མཉམ་ལས་ཁང་དུ་མི་རིགས་ལག་ཤེས་བཟོ་རྩལ་སྦྱོང་མཁན་སློབ་མ་མང་པོ་ཞིག་གིས་རྫོང་གྲོང་དང་གྲོང་ཁྱེར་ནང་སོ་སོའི་མི་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་ཁང་བཙུགས་པས། ཡོང་འབབ་བརྟན་པོ་ཡོད་པ་མ་ཟད། རིམ་བཞིན་འབྱོར་འབྲིང་གི་ལམ་བུར་སྐྱོད་འགོ་ཚུགས། 2012ལོ་ནས་2015ལོ་བར་མཉམ་ལས་ཁང་གིས་མང་ཚོགས་དབུལ་པོར་རོགས་རམ་ཧུར་ཐག་བྱས་ནས་དུད་ཚང་དབུལ་པོ་140ལྷག་ཙམ་ལ་འཚམས་འདྲི་ཞུས་ཏེ་དབུལ་སྐྱོར་མ་དངུལ་སྒོར་ཁྲི་83ཙམ་སྤྲད་ཡོད་པ་རེད།

    398611_yis_1495603544914_s.jpg

    གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་དང་ཐོན་ཚད་རྒྱུན་ཆད་མེད་པར་མང་དུ་སོང་ནས་རིགས་ཁག་གི་ལག་རྩལ་དང་དོ་དམ་གྱི་ཉམས་མྱོང་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པས། 2016ལོར་མཉམ་ལས་ཁང་གི་གཏན་འཇགས་མ་རྩའི་བསྡོམས་འབོར་སྒོར་ཁྲི་1500ཟིན་པ་དང་། ལོར་ཕྱིར་ཚོང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་80ཟིན་པ། ལོར་ཁེ་སྤོགས་ལྷག་མ་སྒོར་ཁྲི་36ཟིན་ཡོད། མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་རིགས་ཁག་གི་ལག་ཤེས་བཟོ་རྩལ་གྱི་ཐོན་ཟོག་ལ་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ནས་ལྷ་ས་དང་། ནག་ཆུ། གཞིས་རྩེ་སོགས་ནས་མངགས་ཐོ་འབོར་ཆེན་འབྱོར་གྱི་ཡོད་པས། ཐོན་ཟོག་མཁོ་མང་སྤྲོད་ཉུང་དུ་གྱུར་ཡོད། མིག་སྔར་མཉམ་ལས་ཁང་དེ་གཞིས་རྩེ་གྲོང་ཁྱེར་དང་ཐ་ན་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་། ཆེད་ལས་ཡག་ཤོས། ཚད་ལྡན་ཤོས་བཅས་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་ཐོན་ལས་ཐོན་སྐྱེད་རྟེན་གཞིའི་གྲས་ཤིག་ཏུ་གྱུར་པས་ལྷ་ས་དང་། གཞིས་རྩེ། རྒྱལ་རྩེ། པ་སྣམ་སོགས་ཚང་མར་ཆེད་ཚོང་ཁང་བཙུགས་ཡོད་ལ་ཐོན་ཟོག་བྲིན་ཁ་རྒྱུག་ཁར་གདང་རིམ་མཐོ་བའི་མི་རིགས་ཀྱི་སྤུས་རྟགས་གཟུགས་བརྙན་བཏོད་པར་འཛད་སྤྱོད་པའི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

    པ་སངས་ཚེ་རིང་གིས“ད་ཆ་ཏང་དང་སྲིད་གཞུང་གི་དགེ་མཚན་ལྡན་པའི་སྲིད་ཇུས་ཁག་གི་ཁྲིད་སྟོན་ཡོད་པར་བརྟེན་ང་ཚོས་བོད་ཀྱི་རིག་གནས་ཀྱི་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་བཏང་བ་མ་ཟད། ད་དུང་མཉམ་ལས་ཁང་བརྒྱུད་དེ་ཚང་མ་ཕྱུག་པོར་གྱུར་པ་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད་པས་ངོ་མ་བྱ་བ་བཟང་པོ་ཞིག་རེད”ཅེས་དགའ་ཚོར་ཆེན་པོས་རྗོད་ཀྱི་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།