[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • པ་སངས་དང་རྩེད་ཐེར་གྱི་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-27

    398217_yis_1495517100956_s.jpg

    པ་སངས་ཀྱིས་རྩེད་ཐེར་འཐག་བཞིན་པ།

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་རྩེད་ཐང་གྲོང་མི་ཨུ་ཡོན་ལྷན་ཁང་དུ་ཧ་ཅང་འཁྲུག་ཆ་དོད་ཅིང་། མི་བཅུ་གྲངས་ཚོགས་ཆུང་ལྔ་དྲུག་ལ་བགོས་ནས་ཁག་གཅིག་གིས་སྤུན་དོག་འཁེལ་བ་དང་། ལ་ལས་སྐུད་པ་དཀྲི་བ། ཁ་ཤས་ཀྱིས་ཐགས་ཁྲིའི་སྟེང་དུ་མ་ལག་བདེ་པོས་ཐེར་མ་འཐག་བཞིན་མཆིས། སྒོ་འགྲམ་དུ་རྩེད་ཐེར་འཐག་བྱེད་ཀྱི་ལག་ཆ་དང་རྒྱུ་ཆ་སྣ་ཚོགས་བཞག་འདུག ལྕགས་ཀྱི་གདང་བུ་ཞིག་ཏུ་བཏགས་ཚར་བའི་ཚོས་མདོག་སྣ་ལྔའི་རྩེད་ཐེར་བཀལ་བ་དག་ཧ་ཅང་སྙིང་རྗེ་པོ་འདུག

    དགེ་ཕྲུག་ཚོར་ལག་རྩལ་སློབ་བཞིན་པའི་པ་སངས་ནི་རྩེད་ཐེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་རེད། པ་སངས་ཆུང་བྱིས་པའི་དུས་ནས་སྒྱུ་རྩལ་ལ་དགའ་པོ་ཡོད་ཅིང་། ལོ་བཅུ་ལྷག་ཙམ་གོང་རྩེད་ཐེར་ལ་དགའ་བའི་ཁོང་གིས་སྟོངས་ལ་ཉེ་བའི་རྩེད་ཐེར་རྒྱུན་འཛིན་བྱ་རྒྱུའི་བསམ་བློ་འཁོར།

    རྩལ་ནུས་དེ་རྒྱུན་འཛིན་བྱ་ཆེད། ཁོང་གིས་སྐབས་དེ་དུས་ཀྱི་ལོ་ན་མཐོ་བའི་རྒན་རྒོན་སྒྱུ་རྩལ་པ་5བཙལ་ནས་གདན་དྲངས་ཤིང་། ཁོང་རྣམ་པའི་ཁྲོད་ལོ་ན་མཐོ་ཤོས་ནི་ལོ་90ལྷག་ཙམ་ཡིན་པ་རེད། དེ་དང་དུས་མཚུངས་ཁོང་ཚོ་དང་མཉམ་དུ་འཁལ་འཐག་ལག་ཆ་འཚོལ་འགོ་དང་བཟོ་འགོ་ཚུགས། དེའི་སྐབས་དཀའ་ཚེགས་ཆེ་ཤོས་ནི་རྩེད་ཐེར་བཟོ་སྟངས་ཀྱི་ལས་རིམ་དྲན་གསོ་བྱ་རྒྱུ་དེ་ཡིན་ཏེ། རྒན་རྒོན་དེ་དག་ལོ་བཅུ་ཕྲག་ཙམ་རྩེད་ཐེར་ལ་ལག་པ་འཆང་མ་མྱོང་བས་སོ། འོན་ཀྱང་དྲན་ཤེས་ཡག་པོ་མེད་པའི་རྒན་རྒོན་དག་གིས་རྒྱུ་ཆ་འདེམས་པ་དང་། ལས་སྣོན། སྤུན་དོག་འཁེལ་བ། ཚོས་རྒྱག་པ་སོགས་ཀྱི་རྙོག་འཛིང་ཆེ་བའི་བརྒྱུད་རིམ་དག་རེ་རེ་བཞིན་བསྐྱར་དྲན་བྱས། ལོ་གཅིག་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། རྩེད་ཐེར་ཐོག་མ་དེ་འཐག་ཐུབ་པར་བརྟེན། པ་སངས་ཀྱང་སྟོངས་ཉེར་ཡོད་པའི་རྩེད་ཐེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར།

    398216_yis_1495517100129_s.jpg

    རྩེད་ཐེར་གྱི་ཕྱུ་པ།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར་ལོ་གསུམ་ལྷག་ཙམ་ཕྱིན་རྗེས་པ་སངས་ཀྱང་དགེ་རྒན་དུ་གྱུར་པ་དང་། ཁོང་གིས་དགེ་ཕྲུག་བསྡུས་ནས་ཐགས་འཐག་སྟངས་སློབ་འགོ་བརྩམས། ད་ཆ་དགེ་ཕྲུག་ཚོས་རྩེད་ཐེར་འཐག་པའི་ལས་རིམ་ཆ་ཚང་སྤྱིར་ན་ཁོང་དུ་ཆུད་ཡོད་ལ། གནའ་བོའི་རྩེད་ཐེར་ཡང་ཏོག་ཙམ་ཏོག་ཙམ་བཏགས་ཐུབ་པ་དང་སྦྲགས་སྤྱི་ཚོགས་ཐོག་འཚོང་འགོ་ཚུགས། དེ་དང་ཆབས་ཅིག་རྩེད་ཐེར་འཐག་སྟངས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་པས། ད་ཆ་རྒྱལ་ཁབ་རིམ་པའི་མངོན་པའི་རིག་གནས་ཤུལ་བཞག་ནང་ཞུགས་རྒྱུའི་རེ་ཞུ་ཕུལ་ཡོད། རྩེད་ཐེར་གྱི་རྒྱུན་བསྐྱངས་ཐུབ་པ་ནི་རིག་གནས་མྱུར་སྐྱོབ་ཐུབ་པ་ཁོ་ན་ཙམ་མིན་པར་ཆེས་འགག་རྩ་ནི་རྩེད་ཐེར་བཟོ་རྩལ་ཁྱད་ཆོས་ལ་དབྱེ་ཞིབ་དང་ཡིག་ཚགས་བཟོ་ཐུབ་པ་དེ་ཡིན། དེའི་ནང་རྩལ་ནུས་སློབ་གསོ་སོགས་ཚོད་ལྟ་བྱས་པ་ཚུད་ཡོད། སྲོལ་རྒྱུན་གྱི་ལག་ཤེས་དེ་རིགས་བེད་སྤྱོད་བཏང་བ་མ་ཟད། འཕེལ་རྒྱས་གཏོང་ཆོག་པའི་ཁྱབ་ཁོངས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པས། འདི་ནི་དོན་དམ་པའི་ཐོག་གི་བསྐྱར་དར་ཞིག་རེད།

    “རྩེད་ཐེར་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱོན་གོས་ཀྱི་རྩེ་གྲ་ཞིག་ཡིན་ལ། ཐགས་འཐག་པའི་ཁྲོད་རྩེད་ཐེར་འཐག་སྟངས་དཀའ་ཤོས་དང་། རས་འཇམ་ཤོས་དང་ཞིབ་ཚགས་ཤོས་དགོས་པ། ལས་ཀ་རྙོག་འཛིང་ཆེ་ཤོས་ཤིག་ཡིན། རྩེད་ཐང་གི་ཉེ་འགྲམ་གྱི་མི་ཁོ་ནས་མ་གཏོགས་ལག་རྩལ་དེ་ཤེས་ཀྱི་མེད། རྩེད་ཐང་བ་ཞིག་ཡིན་པའི་ངས་ལག་རྩལ་དེ་རྒྱུན་འཛིན་བྱེད་དགོས་ངེས་ཡིན། ད་ཕན་ལོ་ཤས་ནང་ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་ལག་ཤེས་བཟོ་རྩལ་མྱུར་སྐྱོབ་དང་། སྲུང་སྐྱོབ། རྒྱུན་འཛིན། རོགས་སྐྱོར། འཕེལ་རྒྱས་བཅས་ཤུགས་ཆེན་བཏང་ནས་རྩེད་ཐེར་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི“སྐུལ་འདེད་གསུམ”གྱི་ཐོན་ལས་འཛུགས་སྐྲུན་རྣམ་གྲངས་སུ་བརྩིས་ཏེ་མ་དངུལ་འབོར་ཆེན་བཏང་བས་གནའ་བོའི་ཐོན་སྐྱེད་ལག་རྩལ་ལ་སྔར་བྱུང་མྱོང་མེད་པའི་སྲུང་སྐྱོབ་དང་རྒྱུན་འཛིན་ཐུབ་ཡོད། 2014ལོར་ང་ཚོས་མ་ལི་གྱོན་གོས་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་ཏེ་ལྷོ་ཁ་རྩེད་ཐེར་མི་རིགས་ལག་ཤེས་བཟོ་ལས་གསར་སྤེལ་མ་རྐང་ཚད་ཡོད་ཀུང་སི་བཙུགས་ནས་ཐོན་ཟོག་གསར་པར་དར་སོའི་ཆ་མང་པོ་བསྲེས་པས། མཛེས་པོ་དང་གོ་ཆོད་པ་གཉིས་ཟུང་འབྲེལ་ཐུབ་ཡོད”ཅེས་པ་སངས་ཀྱིས་གསར་འགོད་པར་བཤད།

    “མི་རིགས་ལག་ཤེས་བཟོ་རྩལ་ནི་རིན་ཐང་བྲལ་བའི་ནོར་བུ་ཡིན། དེ་སྔ་ལོ་རྒྱུས་ཡུན་རིང་ལྡན་པའི་ཕུལ་བྱུང་སྲོལ་རྒྱུན་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་རྩེད་ཐེར་སྟོངས་བར་གྱུར་ནས་ཧ་ལམ་ལོ་རྒྱུས་སུ་གྱུར་གྲབས་བྱས། གལ་ཏེ་སྲོལ་རྒྱུན་གྱི་བཟོ་རྩལ་དག་མེད་པར་གྱུར་ན། ལག་ཤེས་བཟོ་རྩལ་མེད་པར་གྱུར་པ་ཙམ་མ་ཡིན་པར་སྲོལ་རྒྱུན་སྒྱུ་རྩལ་མེད་པར་གྱུར་པ་རེད། དེ་ལྟར་བྱས་ཚེ་མིའི་རིགས་ཀྱི་ཤེས་དཔལ་ལ་གྱོང་གུན་གསབ་ཐབས་བྲལ་བ་ཞིག་ཕོག་པ་རེད། ངའི་རེ་བར་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མི་སྔར་བས་མང་བས་མངོན་མིན་རིག་གནས་ཤུལ་བཞག་རྩེད་ཐེར་འཐག་སྟངས་ཤེས་པ་བྱས་ཁར་ཁོང་ཚོ་ང་དང་འདྲ་བར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་པ་སངས་ཀྱིས་གསར་འགོད་པར་བཤད།

    འབྱུང་འགྱུར་སྐོར་གླེང་སྐབས་པ་སངས་ཀྱིས་ངའི་དམིགས་ཡུལ་གཙོ་བོ་ནི་མི་རྣམས་ལ་ང་ཚོའི་རྩེར་སོན་ཐོན་ཟོག་འཚོང་རྒྱུ་ཙམ་མིན་པར་རྩ་ཆེའི་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་རྒྱུ་དེ་ཡིན་ཞེས་བཤད།

    398215_yis_1495517099100_s.jpg

    རྩེད་ཐེར་གྱིས་བཟོས་པའི་འབག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།