[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • ཤར་ཏན་ཤར་དང་ཁོང་གི་ཏེང་པའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-01

    ཤར་ཏན་ཤར་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་ཏེང་པའི་གྲོང་གསར་གྱི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དང་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་རྫ་ཡུལ་ཏེང་པའི་དངུལ་རྒྱན་ལག་རྩལ་གྱི་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རེད། ལོ་འགའི་གོང་ཁོང་གིས་མ་དངུལ་སྒོར་ཁྲི་10རང་གྲབས་བྱས་ནས་འཛམ་གླིང་ཐོག་གི་ཏེང་པའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་ཐོག་མ་དེ་བཙུགས་པ་རེད།

    རང་སྐད་ཡོད་རུང་ཡི་གེ་མེད་པ་དང་། མི་འབོར་2000ཡང་ཟིན་གྱི་མེད་པ། དམངས་སྲོལ་དམིགས་བསལ་ཡིན་རུང་རིགས་ཚོགས་གཏན་འཁེལ་མེད་པའི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་དེ་དག་མ་ཉམས་གོང་འཕེལ་ཡོང་ཆེད། ལོ་འདི་དག་རིང་ཤར་ཏན་ཤར་གྱིས་སེམས་ནུས་གང་ཡོད་བཏོན་ནས་སྲུང་སྐྱོབ་དང་རྒྱུན་འཛིན་ཡོང་ཐབས་བྱས་ཡོད། དུས་ཐུང་གི་བཅར་འདྲི་བྱེད་རིང་ཁོང་གིས“དད་སེམས”སམ་ཡང་ན“འགན་འཁྲིའི”སྐོར་གང་ཡང་མ་བཤད་རུང་། ཁོང་གི་ལུས་ནས་ཡོད་ཚད་གང་ལེགས་ཚོར་གྱི་འདུག

    དམངས་སྲོལ་དམིགས་བསལ་གྱི་རིགས་ཚོགས།

    “རྫ་ཡུལ་སྨད་དུ་མ་སླེབས་ཚེ་རྫ་ཡུལ་དུ་སླེབས་པར་མི་བརྩི་ལ་ཏེང་པའི་ཤ་འབྲས་མ་བཟས་ཚེ་ཏེང་པའི་གྲོང་ཚོར་སླེབས་པར་མི་བརྩི”ཞེས་པའི་སྐད་ཆ་རྣ་བའི་བུ་གར་ཐོས་འཕྲལ་མཁའ་རླུང་གི་ཁྲོད་ནས་ཏེང་པའི་ཤ་འབྲས་ཀྱི་དྲི་མ་ཞིམ་པོ་ཞིག་འཐུལ་བྱུང་བས་བཟོད་མ་ཐུབ་པར་ཟས་མཆོག་ལ་རོལ་དགོས་བྱུང་།

    ཟས་མཆོག་ལ་རོལ་ཞོར་དུ་ཏེང་པའི་ཤ་འབྲས་ཀྱི་སྐོར་ཉན་པས་ཤ་འབྲས་དེ་ནི་བྱ་ཤ་ཁོག་གཅིག་གིས་བཟོས་པ་ཞིག་ཡིན་པ་སྟེ། བྱ་དེའི་ཁྲག་དང་། བྱ་དེའི་ནང་ཁྲོལ། བྱ་དེའི་མགོ བྱ་དེའི་སྡེར་མོ་སོགས་ཧྲུག་ཧྲུག་བཟོས་རྗེས་འབྲས་དང་མཉམ་དུ་བརྔོས་ནས་བཟོས་པ་ཞིག་རེད། བྱ་དེའི་རྐང་པ་དང་བྱ་བྲང་བཙོས་རྗེས་འབྲས་དང་མཉམ་དུ་ཟ་བ་དང་། བྱ་དེའི་རུས་ཁོག་གིས་ཁུ་བ་བཟོ་གི་ཡོད། དེར་ཐུར་མ་སོགས་མི་དགོས་པར་མཛུབ་མོས་ཟ་གི་ཡོད།

    ཟས་མཆོག་གི་བྲོ་ཞིམ་ལ་མུ་མཐུད་རོལ་བའི་སྐབས་སུ་སྦྱིན་བདག་ཤར་ཏན་ཤར་གྱིས་ཆང་ཕོར་བཏེགས་ནས་ཆང་གཞས་གཏོང་འགོ་ཚུགས་སོང་། སྐད་ཆ་དྲིས་པ་བརྒྱུད། མང་ཆག་ཨ་རག་ནི་ཚ་ཁུལ་གྱི་ཐན་པ་ཐེག་ཐུབ་པའི་འབྲུ་རིགས་ལོ་ཏོག་ལས་བཟོས་པ་ཞིག་ཡིན་པ་དང་ཨ་ཧྥེ་རི་ཁ་ནས་དར་བ་ཞིག་རེད། འདེབས་འཛུགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། བོད་དུ་མང་ཆག་ཨ་རག་བཟོ་བའི་འབྲུ་རིགས་ལོ་ཏོག་མང་ཆེ་བ་ས་བབ་སྨི་2500མན་ཆད་ཀྱི་དྲོད་ཚད་མཐོ་ལ་བཞའ་ཚན་ཆེ་བའི་ཁུལ་དུ་འདེབས་པ་དཔེར་ན། མེ་ཏོག་དང་། རྫ་ཡུལ། མཚོ་སྣ། སྤོ་བོ། སྐྱིད་གྲོང་། ཉིང་ཁྲི། གཏིང་སྐྱེས། གཉའ་ནང་སོགས་སུ་འདེབས་ཀྱི་ཡོད། མང་ཆག་ཨ་རག་ལ་ཕོ་མཆེར་གསོས་ནས་ལུས་ཟུངས་འཕེལ་བའི་ནུས་པ་ལྡན་པ་དང་གཙོ་བོ་ཕོ་ནད་བཅོས་ཐུབ།

    དེ་གར་ཡོད་པའི་མི་ཁག་གཅིག་གིས་རྫ་ཡུལ་གྱི་ཏེང་པའི་ཁྱིམ་ཚང་ཚང་མས་མང་ཆག་ཨ་རག་སྙོལ་གྱི་ཡོད་ཅིང་། དེ་གར་པོ་མེད་ལ་རོ་མངར་རུང་ར་ཧ་ཅང་བཟི་སླ་པོ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    ཤར་ཏན་ཤར་གྱི་སྒོ་ར་ནས་རྒྱང་རིང་གི་རི་བོར་ལྟ་སྐབས། ནགས་ཚལ་སྟུག་པས་རི་བོའི་རྩེ་མོ་སྣང་ཡུལ་དུ་མེད་ཅིང་། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་གོང་ནས་ད་བར་གཏན་འཁེལ་མ་བྱུང་རུང་དམངས་སྲོལ་དམིགས་བསལ་གྱི་རིགས་ཚོགས་དེ་མི་རབས་ནས་མི་རབས་བར་ངོ་མཚར་ཆེ་ལ་མཛེས་སྡུག་ལྡན་པའི་ཁུལ་འདིར་འཚོ་གནས་བྱེད་བཞིན་མཆིས།

    འབྲེལ་ཡོད་ཡིག་ཆར་བཀོད་པ་གཞིར་བཟུང་། ཏེང་པ་ནི་རང་རྒྱལ་གྱི་བོད་ཀྱི་ཤར་ལྷོ་དང་རྒྱ་གར་འབྲེལ་མཚམས་ཀྱི་ཁུལ་དུ་གནས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་རྒྱུད་དང་འཕྲེད་རྒྱུག་རི་རྒྱུད་ཀྱི་ནུབ་ངོས་བོད་ལྗོངས་རྫ་ཡུལ་གྱི་ཆ་སྙོམས་ས་བབ་སྨི་2200ཡི་ནགས་ཁྲོད་དུ་གནས་ཡོད། དེ་སྔ་ཏེང་པས་རྔོན་རྒྱག་པ་དང་བསྲེགས་རྨོད་གྲིས་འདེབས་ཀྱིས་འཚོ་ཐབས་བྱེད་ཀྱི་ཡོད།

    ཡི་གེ་མེད་རུང་ཏེང་པར་རང་སྐད་ཡོད་པ་མ་ཟད། ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་དང་གོམས་གཤིས་ཀྱང་ཡོད་ཅིང་། མིག་སྔར་ཏེང་པའི་མི་འབོར་2000ཡང་ཟིན་གྱི་མེད། དེ་སྔོན་ཏེང་པས་མདུད་པ་རྒྱག་པའམ་ཡང་ན་ཤིང་བརྐོས་བརྒྱབ་ནས་གནས་ཚུལ་ཐོ་འགོད་བྱེད་ཀྱི་ཡོད། ད་ཆ་ཁོང་ཚོས་རྒྱ་ཡིག་དང་བོད་ཡིག་ཡོངས་ཁྱབ་ངང་སྤྱོད་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་60པར་སྲིད་གཞུང་གིས་ཁོང་ཚོ་རོང་ཁུལ་དུ་སྤོས་ནས་རྫ་ཡུལ་ས་ཁུལ་དུ་རང་བྱུང་གྲོང་ཚོ་མང་པོ་བསྐྲུན་ཏེ་ཞིང་ལས་གཙོ་བོར་བྱེད་ཀྱི་ཡོད།

    འདས་སོང་གི་ཏེང་པའི་ལོ་རྒྱུས་དང་དངོས་པོ།

    བྲོ་བ་ཞིམ་པའི་ཁ་ལག་བཟས་རྗེས་ཤར་ཏན་ཤར་གྱིས་མི་ཁག་གཅིག་རང་ཉིད་ཀྱི་ཁྱིམ་དང་བར་ཐག་གོམ་པ་ཁ་ཤས་ལས་མེད་པའི་སྒོ་ར་གཙང་མ་ཞིག་ཏུ་ཁྲིད། ལྕགས་རྩིབས་ཨར་འདམ་ལས་གྲུབ་པའི་སྡོད་ཁང་དང་ཁོང་ཁྱིམ་གྱི་ཤིང་ཁང་དབར་ཁྱད་པར་མངོན་གསལ་དོད་པོ་འདུག

    འདི་ནི་ཁོང་གིས་ལོ་བཅུ་གྲངས་ཁ་ཤས་རིང་སེམས་ནུས་ཡོད་རྒུས་སྔོག་འདོན་དང་སྲུང་སྐྱོབ་བྱས་པའི་ཏེང་པའི་སྲོལ་རྒྱུན་རིག་གནས་ཁང་སྟེ་ཏེང་པའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་རེད། རྒྱ་ཁྱོན་སྨི་ངོས་གྲུ་100ལྷག་ཙམ་ཟིན་པ་དང་བཤམས་སྟོན་ཁང་8ཡོད་པ་དེར་ཏེང་པའི་ལོ་རྒྱུས་ཀྱི་ལོ་ཟླ་དང་འཚོ་བའི་རྗེས་ཤུལ་མཚོན་པའི་དངོས་པོ་200ལྷག་ཙམ་མི་རྣམས་ཀྱི་མིག་མདུན་དུ་བཤམས་ཡོད།

    སྐབས་དེར་ཏེང་པའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་གི་སྦྱིན་བདག་ཤར་ཏན་ཤར་གྱིས“འདི་ནི་དོམ་གྱི་ལྤགས་པས་བཟོས་པའི་ལྟོ་ཕད་རེད། ང་ཚོ་ཏེང་པས་དེ་སྔ་རྔོན་རྒྱག་སྐབས་འཁྱེར་གྱི་ཡོད། ལྤགས་པ་འདིས་ཉལ་གདན་བྱེད་ཆོག་ལ་ལྟོ་ཕད་ཀྱང་བཟོ་ཆོག”ཅེས་འགྲེལ་བཤད་བརྒྱབ།

    གྱང་སྟེང་དུ་ཆེ་ཆུང་མི་འདྲ་ཞིང་བཟོ་ལྟ་སྣ་ཚོགས་པའི་རལ་གྲི་དང་། མེ་མདའ། མདུང་དང་ཕུབ་སོགས་བཀལ་ཡོད་པ་མཐོང་བྱུང་། ཤར་ཏན་ཤར་གྱིས་ལོ་ངོ་མང་པོ་སོང་བའི་གྲི་ཞིག་མར་ཕབ་ནས“འདི་ནི་གྲི་སྤྱིར་བཏང་ཞིག་མ་རེད། ཕྱིའི་བཟོ་ལྟ་སྤྱིར་བཏང་ཞིག་ཡིན་རུང་། སྤྱོད་གོ་ཧ་ཅང་ཆོད་པས་དེས་གནའ་བོའི་མིའི་བློ་རིག་མཚོན་ཐུབ། ཁང་པ་འདིའི་ནང་གི་དངོས་པོ་ཚང་མ་དེ་སྔ་སྤྱོད་མྱོང་ཡོད་པ་ཤ་སྟག་རེད། ད་ཆ་འདི་དག་གྱང་ངོས་སུ་བཀལ་བ་ཚང་མས་མཐོང་རྒྱུ་ཡོད་རུང་ངས་འདི་དག་བསྡུ་རུབ་བྱེད་སྐབས་ཐབས་ཤེས་གང་ཡོད་སྤྱད་པ་ཡིན”ཞེས་བཤད།

    ཏེང་པ་འཆི་སྐབས་དུར་རྫས་འཇོག་པའི་གོམས་སྲོལ་ཡོད། ཤར་ཏན་ཤར་གྱིས་ཏེང་པར་ཡུལ་སྲོལ་དེ་ཡོད་པའི་དབང་གིས་མི་འབོར་ཅུང་ཉུང་བ་དང་ལོ་རྒྱུས་ཐོག་ཟིན་ཐོར་དཀོན་པའི་ཏེང་པས་བཞག་པའི་དངོས་པོ་ཧ་ཅང་ཉུང་ཉུང་རེད། ཏེང་པ་རིགས་ཚོགས་བྱས་ནས་གནས་ཐུབ་པ་འདི་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཏེང་པས་དེ་སྔ་སྤྱོད་མྱོང་བའི་ཁོག་ཕོར་སྐྱོག་སྡེར་དང་། རྔོན་ཆས། འཚོ་བའི་མཁོ་ཆས་སོགས་རིགས་ཁག་དབྱེ་ནས་བཤམས་སྟོན་ཁང་དུ་བསྒྲིགས་ཡོད།

    ཏེང་པ་དངུལ་ཆས་ལ་ཧ་ཅང་དང་དོད་ཆེ་བ་དང་། དངུལ་གྱི་རྒྱན་ཆ་ནི་ཏེང་པའི་རིག་གནས་སྒྱུ་རྩལ་གྱི་འབྲས་བུ་ཞིག་རེད། དོན་དངོས་ཐོག་ཤར་ཏན་ཤར་གྱིས་ཆུང་དུས་ནས་ཕ་དང་མཉམ་དུ་རྫ་ཡུལ་གྱི་ཏེང་པའི་དངུལ་རྒྱན་བཟོ་རྩལ་སྦྱོང་མྱོང་བས། ད་ཆ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་རེད།

    ཏེང་པའི་ཆེ་ཆུང་མི་འདྲ་བའི་གདོད་མའི་རྔོན་ཆས་དང་། རང་འཐག སྦུད་པ། སྨྱུག་མའི་སི་ར་བཅས་དང་། དེ་བཞིན་སྔར་སོང་གི་ལོ་ཟླ་མཚོན་པའི་ཏེང་པའི་པར་རིས་ཚང་མས་རིགས་ཚོགས་འདིའི་ལོ་རྒྱུས་ཀྱི་འཕོ་འགྱུར་མཚོན་གྱི་ཡོད།

    མི་འབོར་2000ཡང་མ་ཟིན་པའི་ཤར་ཏན་ཤར་དང་འདྲ་བའི་ཏེང་པའི་ངོས་ནས་བརྗོད་ན། ཁོང་གིས་བཙུགས་པའི་ཏེང་པའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་གི་དོན་སྙིང་ཟབ་ལ་སྔར་སོང་གི་ལོ་ཟླ་ཡང་མཚོན་པས། དུས་རབས་གསར་པའི་ཏེང་པའི་འཚོ་བ་གསར་པ་མཚོན་གྱི་ཡོད།

    དུས་རབས་གསར་པའི་ཏེང་པའི་ཕུགས་འདུན་མངོན་འགྱུར་ཡོང་བཞིན་ཡོད་པ།

    “ང་ཚོ་ཏེང་པར་ཤོད་སྲོལ་འདི་འདྲ་ཞིག་ཡོད་པ་སྟེ། གྲི་གཅིག་དང་ཐག་པ་ལྔ་འཁྱེར་ཚེ་ཡུན་རིང་ནགས་ཁྲོད་དུ་འཚོ་བ་སྐྱེལ་ཐུབ་ཀྱི་ཡོད། གྲིས་སྲོག་ཆགས་དང་ནགས་ཚལ་བརྟུལ་ཐུབ་པ་དང་ཐག་པས་རི་དྭགས་སྣ་ཚོགས་འཛིན་ཐུབ་ཀྱི་ཡོད” ཤར་ཏན་ཤར་གྱིས་སྟབས་བདེ་ལ་སྤྱིར་བཏང་མིན་པའི་དོན་སྙིང་ལྡན་པའི་ཏེང་པའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་དུ་ཕུན་སུམ་ཚོགས་པའི་ཉམས་འགྱུར་དང་ལག་བརྡས་ཕྱི་ནས་སླེབས་པའི་མགྲོན་པོ་རྣམས་ལ་ཏེང་པའི་སྔོན་ཆད་ཀྱི་འཚོ་བ་དང་རྗེས་ཤུལ་ངོ་སྤྲོད་བྱེད་བཞིན་འདུག

    ལོ་མང་རིང་ཤར་ཏན་ཤར་གྱིས་བཙུགས་པའི་ཏེང་པའི་འཚོ་བ་སྣ་ཚོགས་ཟིན་ཐོར་བཀོད་པའི་བཤམས་སྟོན་ཁང་དེར་ཁོང་གི་སེམས་ནུས་ཡོད་ཚད་འདུས་ཡོད་ལ། ཏེང་པའི་འདུན་པ་སྟེ་ཏེང་པའི་ལོ་རྒྱུས་རིག་གནས་དང་རྗེས་ཤུལ་སེམས་ལ་ངེས་པ་བྱ་རྒྱུ་དེའང་མཚོན་གྱི་ཡོད། དེས་ན་ཏེང་པའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་འཛུགས་པའི་ཐོག་མའི་བསམ་འདུན་ནི་ལོ་མང་པོའི་གོང་དུ་ཤར་ཏན་ཤར་སྨན་གླིང་གནས་ཡུལ་ལུང་ཤུར་གྱི་ལྷོ་པའི་དམངས་སྲོལ་གྲོང་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་ལས་བྱུང་བ་དང་། ཕྱིར་ལོག་རྗེས་ཤར་ཏན་ཤར་གྱིས་ཁོམ་པ་ཡོད་རིམ་བཞིན་ཏེང་པས་སྤྱོད་པའི་ཅ་དངོས་རྙིང་པ་ཁ་ཤས་འཚོལ་བསྡུ་བྱས་པ་རེད།

    2012ལོར། ཤར་ཏན་ཤར་ལ་ཧྲང་ཧའེ་རུ་འཛམ་གླིང་དངོས་མང་སྟོན་ཚོགས་ལ་ལྟ་སྐོར་བྱེད་པའི་གོ་སྐབས་རག་པ་དང་། རྒྱལ་ཁབ་ཁག་གིས་འགྲེམས་སྟོན་བྱས་པའི་མི་རིགས་ཁག་གི་ལོ་རྒྱུས་དང་རིག་གནས་ལས་ཁོང་གི་མིག་རྒྱང་ཡངས་སུ་སོང་ཡོད། ཕྱིར་ལོག་རྗེས་ཤར་ཏན་ཤར་གྱིས་བློ་རྩེ་གཅིག་སྒྲིམ་ངང་ཏེང་པའི་ཅ་དངོས་རྙིང་པ་འཚོལ་བསྡུ་དང་བཤམས་སྟོན་ཁང་འཛུགས་སྐྲུན་གྱི་ལས་ལ་གཞོལ་ཡོད། ཕྱིས་སུ་སྐབས་དེ་དུས་ཀྱི་རྫ་ཡུལ་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་འགོ་ཁྲིད་ཀྱིས་ཁོང་གི་བསམ་འདུན་ཤེས་རྗེས་ཤར་ཏན་ཤར་ལ་བསྔགས་སྐུལ་བྱས་པ་དང་དུས་མཚུངས་རྒྱབ་སྐྱོར་ཆེན་པོ་བྱས་སྟབས། རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་རོགས་རམ་འོག་ཤར་ཏན་ཤར་གྱི་ཏེང་པའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་དངོས་སུ་བཙུགས་པ་རེད།

    ལོ་ཤས་རིང་ཤར་ཏན་ཤར་གྱིས་དུད་ཚང་རེ་རེ་བཞིན་དངུལ་སྤྲོད་པའམ་ཡང་ན་དངོས་པོ་དང་དངོས་པོ་བརྗེས་ནས་ཅ་དངོས་རྙིང་པ་ཉོ་སྒྲུབ་བྱས་པ་རེད། དེ་ལས་ཤར་ཏན་ཤར་ནི་རྩོད་གཞི་ཡོད་པའི་མི་ཞིག་ཏུ་གྱུར་པ་དང་། གྲོང་མིས་ཁོང་ལ་བསམ་ཤེས་མི་བྱེད་པ་མ་ཟད་ད་དུང་ཁོང་གིས་སྲོལ་རྒྱུན་སྣོད་ཆས་ཉོ་སྐབས་གྲོང་མིས་རིན་གོང་མཐོ་པོ་ལེན་གྱི་ཡོད། ཁོང་རང་ཉིད་ཀྱིས་དངུལ་འདོན་དགོས་སྟབས་ཁྱིམ་མིས་ཀྱང་རྟག་ཏུ་འཁང་ར་ཆེན་པོ་བྱེད་ཀྱི་ཡོད།

    ཤར་ཏན་ཤར་གྱིས་རང་ཉིད་ཀྱི་བློ་ལ་བབས་པའི་ཅ་དངོས་རྙིང་པ་ཞིག་གི་ཆེད་དུ་ཏེང་པ་ཞིག་གི་ཁྱིམ་དུ་ཐེངས་མང་བསྐྱོད་པ་དང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རག་ཐབས་བྱེད་པ་དང་། ཏེང་པའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཏེ་ཕ་ཚ་བུ་རྒྱུད་ལ་ཏེང་པའི་ལོ་རྒྱུས་དང་རིག་གནས་ངེས་སུ་འཇུག་པ་དང་། ཕྱི་ཕྱོགས་ལ་མི་འབོར་ཧ་ཅང་ཉུང་བའི་མི་རིགས་དེ་ཤེས་སུ་འཇུག་ཐབས་བྱས་ཡོད་ཅེས་མ་གསང་དྲང་པོར་བཤད།

    དེས་ན་རྩོད་གཞི་དེ་འདྲའི་ཁྲོད་ཤར་ཏན་ཤར་གྱི་ཕུགས་འདུན་མངོན་འགྱུར་ཐུབ་ནས་ཁོང་གིས་ཏེང་པའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་དུ་ཡུལ་སྐོར་བ་མང་པོར་སྣེ་ལེན་ཞུས་པ་དང་། སྔོན་ཆད་ཏེང་པ་འཚོ་སྡོད་བྱེད་མྱོང་བའི་ཁང་པ་ཐབས་ཆག་དེ་རིགས་ཀྱི་དཔེ་དབྱིབས་དང་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆས་སྣ་ཚོགས་དང་། དེ་བཞིན་ལག་ཤེས་སྒྱུ་རྩལ་ཐོན་རྫས་དང་པར་རིས་100ལྷག་ཙམ་ལས་ཐག་རིང་ནས་སླེབས་པའི་ཡུལ་སྐོར་བ་མང་པོ་ཞིག་གིས་ཏེང་པའི་དམངས་སྲོལ་རིག་གནས་ཤེས་རྟོགས་ཐུབ་ཡོད།

    དོན་དངོས་ཐོག་ཅ་དངོས་རྙིང་པ་བསྡུ་རུབ་བྱ་ཆེད་དེ་སྔ་ཤར་ཏན་ཤར་གྱི་ཁྱིམ་ཚང་སྟོངས་གྲབས་བྱས་མོད། འོན་ཀྱང་ཁོང་གིས་ཕུགས་འདུན་དོན་གཉེར་བྱེད་མཚམས་གཏན་ནས་འཇོག་མྱོང་མེད། ཁོང་གིས་འཛམ་གླིང་ཐོག་གི་ཐུན་མོང་མ་ཡིན་པའི་ཏེང་པའི་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་བཙུགས་ཏེ་དེར་ཏེང་པའི་མི་རིགས་འདིའི་རིག་གནས་དང་དམངས་སྲོལ་ཟིན་ཐོར་འགོད་པ་དང་། ད་དུང་བཤམས་སྟོན་ཁང་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་ཁྲིད་བྱས་ཏེ་གྲོང་མིར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རོགས་བྱས་ཏེ་ཐུན་མོང་ཐོག་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།

    ཤར་ཏན་ཤར་གྱིས་གྲི་རྙིང་པ་ཞིག་སྟོན་པ།

    ཤར་ཏན་ཤར་གྱིས་ཕུན་སུམ་ཚོགས་པའི་ཉམས་འགྱུར་གྱིས་འགྲེལ་བཤད་རྒྱག་པ།

    ཤར་ཏན་ཤར་གྱིས་སྲོལ་རྒྱུན་གྱི་འབྲེང་ཐག་ཡོ་ཆས་སྟོན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།