[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • སྨར་ཁམས་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-10

     ད་ཕན་ལོ་ཤས་རིང་། སྨར་ཁམས་རྫོང་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། མངོན་མིན་རིག་གནས་ཤུལ་བཞག་ལ་ཡོངས་ཁྱབ་ཞིབ་བཤེར་དང་། མིང་གཞུང་། ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་གདམ་གསེས། དཔུང་ཁག་འཛུགས་སྐྱོང་། ཆེད་སྤྱོད་མ་དངུལ་གཏོང་འཇོག་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་སྤེལ་བ་ལས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལས་ཀའི་རྣམ་པ་བཟང་པོ་ཞིག་རགས་ཙམ་ཆགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྨར་ཁམས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་དེ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཤིང་། རྣམ་པ་སྣ་ཚོགས་བརྒྱུད་མངོན་མིན་རིག་གནས་ཤུལ་བཞག་ལས་དོན་པ་དང་རྒྱུན་འཛིན་པ་སྒྲིག་འཛུགས་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས《མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས》ཀྱི་དོན་ཚན་སློབ་སྦྱོང་བྱས་པ་དང་འབྲེལ་གསལ་འགྲེལ་ཡང་བྱས་ཡོད། “རིག་གནས་ཤུལ་བཞག་ཉིན་མོའི”བྱེད་སྒོའི་སྐབས་དང་བསྟུན་ཏེ《མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས》དང་འབྲེལ་ཡོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་བྱ་ཕྱོགས་མང་པོའི་ཐོག་ནས་དྲིལ་བསྒྲགས་བྱས་ཡོད།

    ད་ཕན་ལོ་ཤས་རིང་། སྨར་ཁམས་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་དམིགས་ཏེ་ཀྲུང་དབྱང་གི་ཆེད་སྤྱོད་ཁ་གསབ་རོགས་དངུལ་སྒོར་ཁྲི་115དང་གྲོང་ཁྱེར་རིམ་པའི་ཆེད་སྤྱོད་སྲུང་སྐྱོང་མ་དངུལ་སྒོར་ཁྲི་10བརྩོན་ལེན་བྱས་པ་མ་ཟད། “རིག་གནས་ཤུལ་བཞག་ཉིན་མོར”བརྟེན་ནས་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་། འགྲེམས་འཁྲབ། བཤམས་སྟོན་བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཤུགས་ཆེན་སྤེལ་ཡོད། དཔེར་ན“བག་མ་བག་སྟོན”གྱི་ཡུལ་སྲོལ་དང་བྱིས་གྲོངས་ཀྱི་མདའ་འཕེན་འགྲན་བསྡུར་ལ་སོགས་པའི་སྟོངས་ལ་ཉེ་བའི་རྣམ་གྲངས་ཁག་གཅིག་མྱུར་སྐྱོབ་ཐུབ་པ་དང་། རྒྱུད་གསུམ་པི་ཝང་ཞབས་བྲོ་དང་པི་ཝང་ཞབས་བྲོ་སོགས་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་རྣམ་གྲངས་ཁག་གཅིག་རྒྱུན་འཛིན་དང་འཕེལ་རྒྱས་ནུས་ལྡན་བྱུང་ཡོད། རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་སུ་གཞི་རྒྱ་ཅུང་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་ཡོངས་ཁྱབ་ཞིབ་ཤེར་ལས་དོན་ཐེངས་གཉིས་སྤེལ་ཞིང་། ཡི་གེ་དང་། པར་རིས། པར་བརྙན་སོགས་ཀྱི་རྣམ་པའི་ཐོག་ནས་ཟིན་བྲིས་བཀོད་པ་དང་འབྲེལ་ཡིག་ཚགས་ཀྱང་བཟོས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།