[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • ལོ་450ལྷག་གི་ལོ་རྒྱུས་ལྡན་པའི་ལག་ཤེས་བཟོ་རྩལ་རྙིང་པ་རྒྱུན་འཛིན་བྱེད་པ།

    སྟག་ཕུ་གླིང་ནས་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་ཁྱིམ་གྱི་ཚེམ་བཟོ་བ་མི་རབས་ལྔ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-04

    ལྷ་ས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་མཚོ་ནི་ལོ་རབས་50པའི་མལ་གྲོ་གུང་དཀར་རྫོང་གི་ལག་ཤེས་བཟོ་རྩལ་གྱི་མཚན་སྙན་ཐོབ་པའི་ཚེམ་བཟོ་བ་འབའ་ཞིག་དེ་རེད། ཁོང་གིས་བཟོས་པའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཚང་མ་ནི་སྤུས་ཀ་ལེགས་པ་མ་ཟད། སྲོལ་རྒྱུན་གྱི་སྒྱུ་རྩལ་དང་དེང་རབས་ཀྱི་བཟོ་རྩལ་འདུ་ཤེས་ཟུང་འབྲེལ་ཡག་པོ་བྱས་པ་ཞིག་ཡིན་ཞིང་། སྟག་ཕུ་གླིང་ནས་ཁྱིམ་རྒྱུད་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཚང་མ་མལ་གྲོ་གུང་དཀར་རྫོང་དུ་ཞིང་འབྲོག་མང་ཚོགས་ཚོའི་དགའ་བསུ་རྒྱ་ཁྱབ་ངང་ཐོབ་ཀྱི་ཡོད།

    རྒྱ་མཚོས་བཟོས་པའི་སྟག་ཕུ་གླིང་ནས་ཀྱི་ལྷ་མོའི་ཞལ་འབག་ལ“2017ལོའི་ཀྲུང་གོའི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་པོའི”ནང་ཚུད་པའི་བྱ་དགའ་ཐོབ་པ་དང་། གྲམ་མདའ་གྲོང་ཚོར་བཟོས་པའི་ལྷ་མོའི་ཞལ་འབག་དང་བུད་མེད་ཀྱི་ཟོམ་པ་ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ལག་ཤེས་བཟོ་རྩལ་གྱི་ཚད་ལོན་ཐོན་རྫས་ལ་བདམས་པ། 2018ལོར་ཁོང་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྟག་ཕུ་གླིང་ནས་ཀྱི་སྲོལ་རྒྱུན་གྱོན་ཆས་བཟོ་བའི་ལག་རྩལ་གྱི་གྲོང་ཁྱེར་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་སྟག་ཕུ་གླིང་ནས་ཀྱི་ཁྱིམ་རྒྱུད་འཚེམ་དྲུབ་བཟོ་རྩལ་ཚད་ཡོད་ཀུང་སིར་དགེ་ཕྲུག་17ཡོད་པ་ལས་དགེ་ཕྲུག་8ལ་རྒྱ་མཚོ་རང་ཉིད་ཀྱིས་དམར་ཁྲིད་བྱེད་ཀྱི་ཡོད། ལོ་450ལྷག་གི་ལོ་རྒྱུས་ལྡན་པའི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱས་ནས་ཡུལ་མི་སྤུན་མཆེད་ཚོའི་སྣེ་ཁྲིད་དེ་མཉམ་དུ་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་ནི་རྒྱ་མཚོའི་ཕུགས་འདུན་རེད།

    རྒྱ་མཚོས“ངའི་དམིགས་ཚད་ནི་ཁྲིད་སྦྱོང་རྟེན་གཞི་བཙུགས་ཏེ་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་བཏང་ནས་ད་ཡོད་ཀྱི་རྒྱུན་འཛིན་པར་སྐུལ་མ་གཏོང་བ་དང་། ན་གཞོན་ཕུལ་བྱུང་རྒྱུན་འཛིན་པ་གསོ་སྐྱོང་། མི་ཁག་གཅིག་ལས་ཞུགས་ཐུབ་པ། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁུལ་དེར་སྟག་ཕུ་གླིང་ནས་ཀྱི་བཟོ་རྩལ་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ལག་ཤེས་བཟོ་རྩལ་སྔར་བས་རྒྱུན་འཛིན་དང་དར་འཕེལ་ཡོང་བ་བྱ་རྒྱུ་དེ་ཡིན། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ངའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།

    རྒྱ་མཚོ་དང་སྟག་ཕུ་གླིང་ནས་ཀྱི་ལག་ཤེས་བཟོ་རྩལ་པ་མང་པོ་ཞིག་གིས་འབད་བརྩོན་ལྷོད་མེད་བྱས་པ་དང་བསྟུན་ནས། ད་ཆའི་སྟག་ཕུ་གླིང་ནས་ཀྱི་ཁྱིམ་རྒྱུད་འཚེམ་དྲུབ་བཟོ་རྩལ་ཚད་ཡོད་ཀུང་སིས་བཟོས་པའི་ལག་ཤེས་ཐོན་རྫས་ཀྱི་སྤུས་ཚད་ཧ་ཅང་ལེགས་པ་མ་ཟད་བེད་སྤྱོད་དང་། ཉར་ཚགས། སྒྱུ་རྩལ་མྱོང་རོལ་བཅས་གཞི་གཅིག་ཏུ་བསྒྲིལ་ཡོད་པས། བོད་ཀྱི་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་སྟག་ཕུ་གླིང་ནས་ཀྱི་མི་རིགས་ལག་ཤེས་ཐོན་རྫས་དང་དེ་བཞིན་དེའི་ཐུན་མོང་མ་ཡིན་པའི་བཟོ་སྟངས་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ནས་ཁྲོམ་རར་མུ་མཐུད་བྲིན་ཁ་རྒྱུག་པོ་ཡོང་རྒྱུའི་ཡིད་ཆེས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།