[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • ཆར་ཤུལ་དུ་འབུས་པའི་མེ་ཏོག ཁྱད་འཕགས་ཀྱི་ཆོས་རྫོང་གཞས་དབང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   འདི་ག་ཚགས་པར་གྱི་གསར་འགོད་པ། བཀྲ་ཤིས་དཔལ་ལྡན་དང་། རྣམ་གླིང་རིན་ཆེན། ལྷག་པ་ཚེ་རིང་།    |    སྤེལ་དུས།   2018-12-28

    སྟག་ལུང་གྲོང་རྡལ་ནི་སྣ་དཀར་རྩེ་རྫོང་གི་ཤར་ལྷོའི་མཚམས་ཀྱི་སྤྱི་ལེ་25ཡི་སར་ཆགས་ཤིང་། གནས་དེར་སྙན་པའི་བ་དན་ཕྱོགས་བཅུར་གཡོ་བའི་སྟག་ལུང་ཚོང་འདུས་དང་། ཆོས་འཁོར་རྩེ་པ་ལྷ་མོ། ཆོས་རྫོང་གཞས་དབང་། བཞག་བརྡ་བླ་མ་མ་ཎི་སོགས་མངོན་མིན་རིག་གནས་ཤུལ་བཞག་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས། གྲོང་རྡལ་དེར་མངོན་མིན་རིག་གནས་ཤུལ་བཞག་གི་ཕ་ས་ཞེས་བརྗོད་ཀྱང་མིང་དོན་མཚུངས་པ་ཞིག་རེད་སྙམ། 

    སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། སྟག་ལུང་གྲོང་རྡལ་གྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་སྦྲགས། གནས་དེར་འཚོ་སྡོད་བྱེད་མཁན་གྱི་མང་ཚོགས་ཚོའི་འཚོ་བའང་སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅིང་། 2018ལོར། སྟག་ལུང་གྲོང་རྡལ་ལ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་གསར་སྐྲུན་གྱི་རྣམ་གྲངས་རག་པས། མང་ཚོགས་ཚང་མ་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་བྲེལ་བཞིན་ཡོད། དེ་ཙམ་མ་ཟད། ཏང་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་གྲོང་རྡལ་དང་གྲོང་ཚོའི་འགོ་ཁྲིད་ཀྱི་ཚད་མཐོའི་མཐོང་ཆེན་འོག ཡུལ་དེ་གའི་སྲོལ་རྒྱུན་གྱི་རིག་གནས་དང་ལག་ཤེས་སོགས་ལ་སྲུང་སྐྱོང་དང་རྒྱུན་འཛིན་གང་ལེགས་ཐུབ་ཡོད། 

    ཆོས་རྫོང་གཞས་དབང་ནི་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་ཆོས་རྫོང་གྲོང་ཚོ་ནས་དར་བ་དང་། དེ་ནི་རྒྱལ་དབང་སྐུ་ཕྲེང་ལྔ་པས་བརྩམས་གནང་བ་ཞིག་ཡིན་ཞིང་། ད་བར་ལོ་ངོ་300ལྷག་གི་ལོ་རྒྱུས་ལྡན་ཡོད། གཞས་དབང་དེའི་ནང་དོན་ཕུན་སུམ་ཚོགས་ཤིང་རང་བཏང་རང་འཁྲབ་ཀྱི་རྣམ་པ་ཡིན་པས། ཁྱད་ཆོས་ལྷག་པར་ཆེ་བའི་སྲོལ་རྒྱུན་གྱི་དམངས་ཁྲོད་ཞབས་བྲོ་ཞིག་རེད། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཆོས་རྫོང་གཞས་དབང་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བསོད་ནམས་ཆོས་འབྲུག་གིས། “གཞས་དབང་འདིར་ཁྱོན་གཞས་དུམ་བུ་21ཡོད་པས། གལ་སྲིད་མི་གཅིག་གིས་འཁྲབ་ན་ཆུ་ཚོད་3ལྷག་ཙམ་འགོར་གྱི་རེད། དེས་ན་གཞས་ཆེན་འདི་མི་21གིས་འཁྲབ་ན་ཡག་ཤོས་རེད”ཅེས་བརྗོད། སྔོན་ཆད་ཡིན་ན། ལོ་རེའི་བོད་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་སྟག་ལུང་རྩེ་གྲྭ་ཚང་གི་ཆོས་ཕྱོགས་བྱེད་སྒོར་ཆོས་རྫོང་གཞས་དབང་འདི་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་། སྐབས་དེ་དུས་ཞབས་བྲོ་འདི་ཆོས་རྫོང་གྲོང་ཚོའི་ས་ཁོངས་ཀྱི་མིས་མ་གཏོགས་འཁྲབ་ཆོག་གི་མེད་ལ། འཁྲབ་མཁན་ཡང་རྒན་རྒོན་འགའ་ཤས་མ་གཏོགས་མེད།

    སྤྱི་ལོ་2005ལོ་ནས་བཟུང་། ཆོས་རྫོང་གཞས་དབང་ལ་ཆར་ཤུལ་དུ་འབུས་པའི་མེ་ཏོག་བཞིན་སྐྱེ་སྟོབས་ཀྱི་གསོན་ཤུགས་སླར་ཡང་འཕེལ་བ་སྟེ། གྲོང་རྡལ་སྲིད་གཞུང་དང་ཆོས་སྡེ་དགོན་གྱི་མོས་མཐུན་དང་བཀོད་སྒྲིག་འོག ལོ་རེའི་སྟག་ལུང་ཆོས་སྡེ་དགོན་གྱི་སྐུ་རིན་ཆེན་པོའི་རིང་ལ་ཡང་བསྐྱར་གཞས་དབང་འཁྲབ་པའི་གོ་སྐབས་བྱུང་ཞིང་། ཆོས་རྫོང་གྲོང་ཚོས་གཞས་དབང་འཁྲབ་མཁན་གྱི་མི་སྣ་སྒྲིག་འཛུགས་བྱས་ཏེ་དངོས་སུ་འཁྲབ་སྟོན་བྱེད་འགོ་ཚུགས་པ་མ་ཟད། 2013ལོར་ཉམས་མྱོང་ཡོད་པའི་གཞས་དབང་འཁྲབ་སྟོན་པ་རྒན་གྲས་དགེ་རྒན་དུ་གདན་དྲངས་ཏེ། གཞས་དབང་སློབ་པ་དང་མཉམ་དུ་འཁྲབ་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་པས། ཆོས་རྫོང་གཞས་དབང་ད་གཟོད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བྱུང་སྟེ། ད་ལྟ་གཞས་དབང་དེ་གྲོང་ཚོའི་རྒན་དར་གཞོན་གསུམ་ཚང་མས་འཁྲབ་ཆོག་ཅིང་། མིག་སྔར། ཆོས་རྫོང་གཞས་ཆེན་རུ་ཁག་གི་རུ་མིའི་ཆ་སྙོམས་ལོ་ཚད་ཀྱང་ལོ་38ཡིན་པས། དེར་རྒྱུན་འཛིན་དང་གོང་འཕེལ་ཀྱང་གང་ལེགས་བྱུང་ཡོད།

    ཆོས་རྫོང་གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་དང་རང་འགུལ་ངང་གོང་རིམ་ལ་གཞས་དབང་འཁྲབ་སྟོན་བྱེད་པའི་གོ་སྐབས་བརྩོན་ལེན་བྱས་པ་མ་ཟད། གྲོང་ཚོ་གཞན་ལ་གཞས་དབང་གི་ལོ་རྒྱུས་དང་འཁྲབ་སྟོན་གྱི་རྣམ་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། རྒྱ་ཆེའི་མང་ཚོགས་ཚང་མས་དེར་རྒྱུས་མངའ་ལོན་རྒྱུར་འབད་པ་ཧུར་ཐག་བྱས་པ་བརྒྱུད། 2015ལོར། གཞས་དབང་དེ་ཉིད་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་གི་མིང་གཞུང་ནང་ཚུད་པ་དང་། འདི་ལོའི་ཟླ་དགུ་པར་དངོས་སུ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་གི་མིང་གཞུང་ནང་ཚུད་པ་རེད།

    580159_yis_1545803363714.jpg

    འདི་ནི་ཆོས་རྫོང་གཞས་དབང་རུ་ཁག་གི་དྲན་རྟེན་པར་ཡིན་པ།

    580160_yis_1545803364619.jpg

    འདི་ནི་ཆོས་རྫོང་གཞས་དབང་རུ་ཁག་གི་རུ་མིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

    580157_yis_1545803361982.jpg

    འདི་ནི་མི་རིགས་རྒྱན་གོས་ཀྱིས་བརྒྱན་པའི་འཁྲབ་སྟོན་པ་ཡིན་པ།

    580158_yis_1545803362871.jpg

    འདི་ནི་གཞས་དབང་འཁྲབ་བཞིན་པ།

    580161_yis_1545803365617.jpg

    འདི་ནི་སྟག་ལུང་རྫོང་གི་མཁར་ཤུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།