[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • བོད་ལུགས་གསོ་རིག་གི་སྨན་ལུམས་བཅོས་ཐབས། མངོན་མིན་རིག་གནས་ཤུལ་བཞག་གི་མཆོག་ནོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-08

    627549_yis_1559195466006.jpg

    འདི་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་བོད་ལུགས་སྨན་ལུམས་ལྟེ་གནས་ཡིན་པ།

    སྲོལ་རྒྱུན་གྱི་འདུ་ཤེས་ནང་མི་མང་པོ་ཞིག་གིས“བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས”ནི་རྒན་རྒོན་ཁོ་ནར་ཆེད་མངགས་སྤྱོད་པའི་སྨན་བཅོས་བྱ་ཐབས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་ས་གནས་ཁག་གི་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་བསྟུན་ནས། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་མང་ཚོགས་ཚོའི་རྒྱུན་གཏན་འཚོ་བའི་ནང་སྤྱོད་འགོ་ཚུགས་པས། “བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས”ལ་རྒྱ་ཆེའི་ན་གཞོན་ཚོའི་དགའ་བསུ་ཐོབ་བཞིན་ཡོད།

    བོད་ལུགས་གསོ་རིག་ནི་ཀྲུང་ཧྭ་གསོ་རིག་བང་མཛོད་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེར་ལོ་རྒྱུས་ཡུན་རིང་ལྡན་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད། དེའི་ནང་ནས“བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས”ཀྱིས་མཚོ་བོད་ས་མཐོའི་ཞིང་འབྲོག་ཁུལ་ནི་གཅིག་སྡུད་རྒྱུན་འཛིན་གྱི་ས་ཁོངས་ཡིན། དེ་ཡང་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་སུ་ཡོངས་ཁྱབ་བྱུང་ནས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་འགན་ལེན་དང་ནད་གཞི་འགོག་བཅོས་བྱེད་པར་ནུས་པ་གལ་ཆེན་ཐོན་བཞིན་ཡོད།

    2018ལོའི་ཟླ་11ཚེས་28ཉིན། “ཀྲུང་གོའི་བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས”མཉམ་འབྲེལ་རྒྱལ་ཚོགས་ཚན་རིག་སློབ་གསོ་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་ནང་དངོས་སུ་བཅུག་པ་དང་། དེ་ཡང《མངོན་མིན་རིག་གནས་ཤུལ་བཞག་གི་སྤྱི་ཆིངས》མིང་གཞུང་ནང་བདམས་པའི་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཨང་40པ་དེ་རེད།

    “བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས”ལ་བརྟེན་ནས་མང་ཚོགས་ཚོས་ལུམས་བརྒྱབ་ནས་ནད་གཞི་འགོག་བཅོས་ཀྱི་དམངས་ཁྲོད་ཀྱི་ཉམས་མྱོང་མཚོན་པ་དང་། དེ་ནི་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་མཚོན་བྱེད་རང་བཞིན་གྱི་ལག་རྩལ་ཞིག་ཡིན་པས། སྨན་བཅོས་དང་ཚན་རིག་གི་རིན་ཐང་གལ་ཆེན་ལྡན་ཡོད་ལ། རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། 《དཔལ་ལྡན་རྒྱུད་བཞི》མཚོན་བྱེད་དུ་བྱས་པའི་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་དེང་རབས་ཀྱི་བདེ་ཐང་ལག་ལེན་ཁྲོད་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བཞིན་ཡོད་པ་རེད།

    གསར་འགོད་པར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ལུམས་རྒྱག་ས་ནས་མཐོང་གསལ། ལྷ་ས་དང་། ལྷོ་ཁ། ནག་ཆུ། གཞིས་རྩེ་སོགས་གྲོང་ཁྱེར་དང་ས་ཁུལ་ནས་བོད་ལུགས་གསོ་རིག་གི་ལུམས་རྒྱག་པར་ཡོང་མཁན་རྫོགས་རྒྱུ་མེད་པ་དང་། སྤྱིར་བཏང་གནས་ཚུལ་འོག་ཟླ་བ་གཅིག་གོང་ནས་སྔོན་མངགས་བྱེད་དགོས་ཀྱི་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྨན་ལུམས་ལྟེ་གནས་ཀྱི་འགན་འཁུར་བ་ཚེ་རིང་བསམ་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་སྨན་རྩིས་ཁང་ཆེ་གྲས་ཁག་གིས་རྒྱུན་དུ་སྤྱོད་པའི་བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས་ནི“བདུད་རྩི་ལྔའི་ལུམས་རྒྱག་ཐབས”ཡིན་པ་དང་། དེ་བོད་ལུགས་གསོ་རིག་གི་དེབ་ཐེར《དཔལ་ལྡན་རྒྱུད་བཞིའི》ནང་བཀོད་ཡོད་ཅིང་། ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།

    “བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས”ནི་བོད་ལུགས་གསོ་རིག་གི་ཕྱི་ནད་བཅོས་ཐབས་ཆེན་པོ་ལྔའི་གྲས་ཤིག་ཡིན་ཞིང་། ལུམས་རྒྱག་པ་བརྒྱུད་ཁྲག་རྩ་གཤོང་བ་དང་། ཁྲག་རྒྱུན་གསོ་བ། རླུང་ཁྲག་འཁོར་རྒྱུག ལུས་པོ་གསོ་བ་བཅས་ཀྱི་ནུས་པ་ལྡན་ཡོད། དེའི་བཅོས་ཐབས་ཆུ་ལུམས་དང་། བྱུག་པ། རླངས་ལུམས་བཅས་རིགས་གསུམ་ལ་ཕྱེ་ཡོད། ལུམས་རྒྱག་ཐབས་སྤྱོད་མང་ཤོས་ནི་ཆུ་ལུམས་ཡིན་པ་དང་། ཆུ་ལུམས་ལའང་རིགས་གཉིས་སུ་ཕྱེ་བ་སྟེ། གཅིག་ནི་རང་བྱུང་ཆུ་ཚན་གྱི་ཆུ་ལུམས་རྒྱག་པ་དང་། གཅིག་ཤོས་ནི་མི་ཐབས་ལ་བརྟེན་ནས་ལུམས་རྒྱག་པ་དེ་རེད། རང་བྱུང་ཆུ་ཚན་གྱི་ལུམས་རྒྱག་ཐབས་ཀྱིས་གཏེར་རྫས་ཀྱི་གྲུབ་ཆར་གཞིགས་ནས་ནད་པ་མི་འདྲ་བར་སྨན་བཅོས་བྱེད་ཀྱི་ཡོད།

    མཚོ་བོད་ས་མཐོར་འཚོ་བ་སྐྱེལ་མཁན་བོད་རིགས་ཀྱི་མེས་པོས་གནའ་སྔ་མོ་ནས་བཟུང་ཆུ་བརྒལ་ན་གཟུགས་པོ་བདེ་ཐང་ལ་ཕན་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པས་ཆུ་བརྒལ་བའི་གོམས་གཤིས་བཟང་པོ་འཇགས་པ་དང་ཆབས་ཅིག་སྐར་མ་རི་ཥི་སོགས་འབྲེལ་ཡོད་ཆབ་ཞུགས་ལུགས་སྲོལ་རིམ་བཞིན་དར་ཡོད།

    མི་ཐབས་ལ་བརྟེན་པའི་ལུམས་རྒྱག་ཐབས་ཀྱི་སྨན་རྩྭ་གཙོ་བོ་སྤང་ལྗོངས་དང་ན་ཁར་སྐྱེས་པའི་བདུད་རྩི་ལུག་མིག་མེ་ཏོག་དང་ཤིང་སྟག་མའི་ལོ་མ་དང་། རི་བོ་དབྱང་ཧྲན་དུ་སྐྱེས་པའི་བདུད་རྩི་ཤུག་སྡོང་གི་ཡལ་ག རི་བོ་དབྱིན་ཧྲན་དུ་སྐྱེས་པའི་བདུད་རྩི་རི་མཐོའི་མཚེ་ལྡུམ། ཆུ་འགྲམ་དུ་སྐྱེས་པའི་བདུད་རྩི་འོམ་བུ་ཆུ་ཤིང་། སྐམ་ཁུལ་དུ་སྐྱེས་པའི་བདུད་རྩི་མཁན་པ་བཅས་རིགས་ལྔ་རེད། ཚད་ལྡན་ཡིག་ཆའི་ནང་འཁོད་པར་གཞིགས་ན། ལུམས་རྒྱག་པ་བརྒྱུད་ནད་རིགས་40ལྷག་ཙམ་བཅོས་ཐུབ་པ་དང་། ད་ལྟ་ནད་ཐོག་ཏུ་ཡོངས་ཁྱབ་སྨན་བཅོས་ཐུབ་པའི་ནད་རིགས་24ཡོད། ལུམས་རྒྱག་པ་བརྒྱུད་རླུང་རློན་ཚིགས་གྲུམ་སོགས་ཀྱི་ནད་རིགས་6བཅོས་རྒྱུར་དམིགས་བསལ་གྱི་སྨན་ནུས་ལྡན་ཡོད་པ་རེད།

    ཚེ་རིང་བསམ་གྲུབ་ཀྱིས“ང་ལུམས་རྒྱག་སར་ལས་ཀ་བྱས་ནས་ལོ་11ཕྱིན་སོང་། ལོ་11རིང་སྨན་ཁང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ལུམས་རྒྱག་སའི་སྡེ་ཁག་དེ་ནད་ཁྲི་12ལས་མེད་པའི་སྨན་བཅོས་ཁང་དཀྱུས་མ་ཞིག་ནས་ཕྱི་བཅོས་ཚན་ཁག(རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ཚན)དང་ད་ཡོད་ཀྱི་ཕྱི་བཅོས་ལྟེ་གནས་སུ་རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ་ད་ལྟ་ནད་ཁྲི་62ཡོད། མི་སྣའི་གྲུབ་ཆ་ཐོག་མའི་ཁོའོ་ཧྲི་རེར་གནས་སྐབས་གཡར་བའི་ནད་སྐྱོང་པ་འགའ་ཞིག་ནས་རིགས་གཅིག་མཁས་ཅན་50ཙམ་ཡོད་པའི་ཕྱི་བཅོས་ལྟེ་གནས་སུ་འཕེལ་རྒྱས་ཕྱིན་ཏེ་མི་སྣའི་སྒྲིག་ཁོངས་མང་དུ་ཕྱིན་པ་མ་ཟད། ད་དུང་སྨན་དོན་མི་སྣའི་སློབ་རྒྱུས་དང་། གོ་མིང་། ལག་རྩལ་སོགས་ཚང་མ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ་ལུམས་རྒྱག་སའི་ཚན་ཁག་དང་། སྲོལ་རྒྱུན་གྱི་བཅོས་ཐབས་ཚན་ཁག གསེར་ཁབ་དྲག་སྐྱེད་དངོས་ལུམས་ཚན་ཁག་བཅས་གཞི་གཅིག་ཏུ་འདུས་པའི་ཕྱི་བཅོས་ལྟེ་གནས་སུ་གྱུར་ཏེ་ལོ་ལྟར་ནད་པ་ཁྲི་གཅིག་ལྷག་ཙམ་ལ་སྨན་བཅོས་བྱེད་ཀྱི་ཡོད”ཅེས་བཤད།

    བོད་ཀྱི་ས་ཁོངས་མང་ཆེ་བ་ས་བབ་མཐོ་བ་དང་གནམ་གཤིས་གྲང་ངར་ཆེན་པོ་ཡོད། ཞིང་འབྲོག་མང་ཚོགས་དུས་ཡུན་རིང་པོ་གནམ་གཤིས་འདི་ལྟ་བུའི་འོག་འཚོ་བ་སྐྱེལ་དགོས་སྟབས་ས་མཐོའི་རྒྱུན་མཐོང་ནད་རིགས་མང་པོ་ཕོག་སླ་པོ་ཡོད་པ་དཔེར་ན། གྲུམ་བུའི་ནད་དང་། མཁལ་མ་དང་ཕོ་བའི་ནད། ཁྲག་གར་བའི་ནད་སོགས་ལྟ་བུའོ། ལུམས་རྒྱག་ཐབས་བོད་དུ་ཐོན་པ་དང་སྦྲགས་རྒྱུན་འཛིན་བྱས་པ་ནས་ད་བར་བོད་ཀྱི་དམིགས་བསལ་རང་བྱུང་ཁོར་ཡུག་དང་ཁ་འབྲལ་ཐབས་མེད།

    གསར་འགོད་པར་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ལུམས་རྒྱག་སའི་ནད་ཁང་ནས་ལོ་59ལ་སླེབས་པའི་རྣམ་སྲས་དང་ཁོང་གི་བཟའ་ཟླ་འཕྲད་བྱུང་། “ངའི་བཟའ་ཟླར་གྲུམ་བུའི་ནད་ལྕི་པོ་ཞིག་ཕོག་པས་ལོ་ལྟར་སྨན་རྩིས་ཁང་དུ་ལུམས་རྒྱག་པར་ཡོང་གི་ཡོད། ལུམས་བརྒྱབ་ཚེ་སྨན་ཟ་མི་དགོས་པ་མ་ཟད་ད་དུང་ཕན་ནུས་ཧ་ཅང་ཆེན་པོ་འདུག འདི་ལོ་ང་རང་ཚིགས་དང་སྐེད་པ་ཏོག་ཙམ་ན་གི་འདུག་པས་བཟའ་ཟླ་དང་མཉམ་དུ་ལུམས་རྒྱག་པར་ཡོང་བ་ཡིན། ལུམས་ཉིན་བཞི་བརྒྱབ་པས་ནད་གཞི་དྲག་ཏུ་ཕྱིན་འདུག”ཅེས་རྣམ་སྲས་ཀྱིས་དགའ་ཚོར་ཆེན་པོས་བཤད།

    “བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས”ནི་ཆུ་ཚ་པོའི་ནང་སྦོང་བ་ཙམ་གྱི་སྟབས་བདེ་པོ་ཞིག་མ་ཡིན་པར་དེ་ནི་པགས་པ་བརྒྱུད་སྨན་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་བོད་རིགས་ཀྱི་རིག་གནས་དང་བོད་ལུགས་གསོ་རིག་གི་སྙིང་བཅུད་ཅིག་རེད། གྲུམ་བུའི་ནད་དང་རྩ་དཀར་གྱི་ནད་སོགས་བཅོས་པར་ཕན་ནུས་ཆེན་པོ་ཡོད་པ་རེད།

    ནད་གཞི་མི་འདྲ་བར་གཞིགས་ནས་ཆེད་ལས་སྨན་པའི་མཛུབ་ཁྲིད་འོག་སྦྱོར་རྟ་བྱེད་སྟངས་དང་བཅོས་ཡུན་འདྲ་གི་མེད། དཔྱིད་ཀ་དང་སྟོན་ཀར་ཆར་པ་འབབ་ཉུང་བས་རང་བྱུང་ཆུ་ཚན་གྱི་ཆུ་སྤུས་ལ་ཤུགས་རྐྱེན་ཐེབས་ཀྱི་མེད་པས་དཔྱིད་ཀ་དང་སྟོན་ཀ་ཆུ་ཚན་རྒྱག་པའི་དུས་ཚོད་ཡག་ཤོས་རེད། དེས་ན་ནད་པ་མང་ཆེ་བས་དཔྱིད་ཀ་དང་སྟོན་ཀར་ཆུ་ཚན་རྒྱག་པར་འགྲོ་གི་ཡོད་མོད། འོན་ཀྱང་མི་ཐབས་ལ་བརྟེན་པའི་ལུམས་ལ་གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་གི་མེད་པས་ལོ་གཅིག་དུས་བཞི་ཚང་མར་རྒྱག་ཆོག་གི་ཡོད་པ་རེད།

    “བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས”ཐད་སྤྱད་པའི་སྨན་རྩྭ་ནི་ས་བབ་མཐོ་ཚད་སྨི་3500ཡན་གྱི་མཚོ་བོད་ས་མཐོའི་ཁྱད་ལྡན་སྨན་རྩྭ་ཞིག་ཡིན། དེ་ལས་སྣོན་དང་། བཟོ་བ། བསྐོལ་བ། བསྙལ་བ་བཅས་ཀྱི་རྙོག་འཛིང་ཆེ་བའི་བརྒྱུད་རིམ་བརྒྱུད་ཚེ་གཞི་ནས་ལེགས་སྒྲུབ་བྱ་ཐུབ། ནད་གཞི་མི་འདྲ་བར་གཞིགས་ནས་སྨན་རྩྭ་སྦྱོར་རྟ་དང་ལས་སྣོན་དང་བཟོ་བའི་བརྒྱུད་རིམ་ཡང་གཅིག་པ་མིན། སྨན་རྩྭ་འདེམས་སྤྱོད་དང་། དྲོད་འཕེལ་བ། ལུམས་རྒྱག་ཐབས། དུད་ཚོད་ཚོད་འཛིན་སོགས་ཐད་རེ་བ་ཡང་གཅིག་པ་མིན། ལུམས་རྒྱག་པའི་དུས་ཚོད་ཡག་ཤོས་བྱུང་ནས་སྐར་མ་15ནས་སྐར་མ་30བར་ཡིན་པ་དང་ཆུའི་དྲོད་ཚད་སྙོམས་པོ་དགོས། ལུམས་རྒྱག་སྐབས་བ་སྤུ་བརྒྱུད་སྨན་རྣམས་ཐད་ཀར་མིའི་ལུས་པོར་སིམ་གྱི་ཡོད་པས་ལུམས་རྒྱག་སྐབས་སྨན་གྱི་གར་ཚད་དང་དྭངས་འཚག་བརྒྱུད་རིམ་གྱི་རེ་བ་ཡང་མཐོ་པོ་ཡོད།

    “བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས”ལ་ཐུན་མོང་མ་ཡིན་པའི་སྨན་ནུས་དང་སྨན་རྫས་ཀྱི་རིན་ཐང་ལྡན་པས་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་གྱི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། ལྷག་དོན་དུ་2018ལོའི་ཟླ་11པའི་ཚེས་28ཉིན“ཀྲུང་གོའི་བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས”མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་སློབ་གསོ་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ནང་བཅུག་རྗེས“བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས”རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། “བོད་ལུགས་གསོ་རིག་གི་ལུམས་རྒྱག་ཐབས”དང་དེ་མིན་གྱི་བོད་ལུགས་གསོ་རིག་གི་ལག་རྩལ་གཞི་ཁྱོན་ཆེན་པོས་ཁྱབ་གདལ་བེད་སྤྱོད་དང་སྦྲགས་གནའ་བོའི་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་རྣམ་པ་གསར་པ་ཞིག་གི་ཐོག་ནས་འཛམ་གླིང་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།

    627553_yis_1559195466957.jpg

    འདི་ནི་ཚེ་རིང་བསམ་གྲུབ་ཀྱིས་བྱུག་པ་རྒྱག་མཁན་ནད་པར་ལྟ་བཞིན་པ།

    627554_yis_1559195467113.jpg

    འདི་ནི་ཚེ་རིང་བསམ་གྲུབ(གཡོན་གྱི་དང་པོ)ཀྱིས་སྨན་རྩྭ་འདེམས་བཞིན་པ།

    627550_yis_1559195466255.jpg

    འདི་ནི་ཚེ་རིང་བསམ་གྲུབ(གཡས་ཀྱི་དང་པོ)ཀྱིས་རྒན་རྒོན་ལ་རྩ་ལྟ་བཞིན་པ།

    627552_yis_1559195466754.jpg

    འདི་ནི་བོད་ལུགས་གསོ་རིག་གི་ལུམས་སྨན་ཡིན་པ།

    627551_yis_1559195466442.jpg

    འདི་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ལུམས་སྨན་སྐོལ་ས་ཡིན་པ།

    627548_yis_1559195465787.jpg

    འདི་ནི་ཚེ་རིང་བསམ་གྲུབ་ཀྱིས་ནད་པར་ལུམས་རྒྱག་བཞིན་པ།

    627547_yis_1559195465522.jpg

    འདི་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ལུམས་གཞོང་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།