[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • སྲོལ་རྒྱུན་མ་ཉམས་རྒྱུན་འཛིན་བྱས། དར་སྲོལ་བཟང་པོ་འཕེལ་རྒྱས་བཏང་།

    ​བོད་ཀྱི་ལྷ་མོའི་འཁྲབ་སྟོན་སྐབས་བརྒྱད་པ་རྒྱལ་ཁའི་ངང་མཇུག་འགྲིལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-19

    2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། བོད་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་དུ་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་རིག་ཚན་སློབ་གསུམ་རྩ་འཛུགས་ཀྱི“མིའི་རིགས་ཀྱི་ངག་རྒྱུན་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས”ཀྱི་མིང་གཞུང་དུ་བཅུག་པ་རེད། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་འོག དུས་སྐབས་གསར་པར་ལྷ་མོར་སྔར་ན་བྱུང་མྱོང་མེད་པའི་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་སྐྱེ་སྟོབས་ཀྱང་རྒྱས་ཏེ་རང་ལྗོངས་ཀྱི་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། མང་ཚོགས་ཀྱི་རྨང་གཞི་བརྟན་པ། འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པ་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་གྲས་སུ་གྱུར་ཡོད།

    ལྷ་མོ་མཉམ་འབྲེལ་རྒྱལ་ཚོགས་རིག་ཚན་སློབ་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་བཅུག་ནས་ལོ་ངོ་10འཁོར་བར་རྟེན་འབྲེལ་ཞུ་ཆེད། འདི་ལོ་རང་ལྗོངས་ཀྱིས“ལྗོངས་ཡོངས་ཀྱི་ལྷ་མོའི་འཁྲབ་སྟོན་སྐབས་བརྒྱད་པ”དང་། “རྣམ་ཐར་གཏོང་ལེན”སྒྱུར་བཟོ་བྱས་པའི་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང《གཟུགས་ཀྱི་ཉི་མ》ཡི་ཆེད་དོན་འཁྲབ་སྟོན་སོགས་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

    སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལའང་སྤྱི་ཚོགས་ཀྱི་དོ་ཁུར་དང་མཐོང་སྔར་བས་ཆེན་པོ་བྱེད་བཞིན་ཡོད། མངོན་མིན་རིག་གནས་ཤུལ་བཞག་འཕེལ་རྒྱས་བྱུང་བ་དེས། མི་རིགས་ཕན་ཚུན་དབར་གྱི་འགྲོ་འོང་དང་འབྲེལ་གཏུག་ལ་སྐུལ་མ་ཐེབས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་ཆད་མེད་པར་གསར་གཏོད་དང་འཕེལ་རྒྱས་འགྲོ་བཞིན་ཡོད།

    སྤྱིར་ལྷ་མོ་ལ་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། རྒྱལ་ཁབ་ཀྱི་ཉིང་བཅུད་འདུས་པའི་མཚན་སྙན་ལྡན་པའི་ཅིང་ཅུས་ཟློས་གར་ལས་ཀྱང་ལོ་ངོ་400ཡིས་སྔ་བ་ཡོད། དེས་ན་ལྷ་མོ་ལའང་བོད་ཀྱི་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞེས་འབོད་སྲོལ་ཡོད། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་འོག དུས་སྐབས་གསར་པར་ལྷ་མོར་སྔར་ན་བྱུང་མྱོང་མེད་པའི་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་སྐྱེ་སྟོབས་ཀྱང་རྒྱས་ཏེ་རང་ལྗོངས་ཀྱི་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། མང་ཚོགས་ཀྱི་རྨང་གཞི་བརྟན་པ། འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པ་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་གྲས་སུ་གྱུར་ཡོད།

    མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྔར་བས་དར་སྤེལ་བཏང་ནས་ཀྲུང་གོ་གསར་པ་དབུ་བརྙེས་་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་བ། ལྷ་མོ་མཉམ་འབྲེལ་རྒྱལ་ཚོགས་རིག་ཚན་སློབ་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་བཅུག་ནས་ལོ་ངོ་10འཁོར་བར་རྟེན་འབྲེལ་ཞུ་བ་བཅས་ཀྱི་ཆེད། འདི་ལོ་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)དང་། ལྷ་ས་གྲོང་ཁྱེར་རིག་གནས་ཅུས། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་བཅས་ཀྱིས་གཉེར་འགན་འཁུར་བ། ནོར་བུ་གླིང་ཁ་དོ་དམ་ཁྲུའུ་དང་ཕོ་བྲང་པོ་ཏ་ལ་ཐང་ཆེན་དོ་དམ་ཁྲུའུ་ཡིས་གཉེར་རོགས་བཅས་བྱས་པའི“ལྗོངས་ཡོངས་ཀྱི་ལྷ་མོའི་འཁྲབ་སྟོན་སྐབས་བརྒྱད་པ”དང་། “རྣམ་ཐར་གཏོང་ལེན”བསྒྱུར་བཟོ་བྱས་པའི་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང《གཟུགས་ཀྱི་ཉི་མ》ཡི་ཆེད་དོན་འཁྲབ་སྟོན་སོགས་རིག་གནས་བྱེད་སྒོ་སྣ་ཚོགས་འཁྲུག་ཆ་དོད་པའི་རྣམ་པའི་ཁྲོད་དུ་རྒྱལ་ཁའི་ངང་མཇུག་འགྲིལ་བ་རེད།

    ལྗོངས་ཡོངས་ཀྱི་ལྷ་མོའི་བརྒྱུད་རིམ་ལྡན་པའི་རིག་གནས་བྱེད་སྒོ་སྤེལ་རིང་། ལྷ་མོ་དགའ་པོ་ཡོད་མཁན་གྱི་དགོས་མཁོ་སྐོང་བ་དང་མང་ཚོགས་ཚོས་ཐག་ཉེ་ས་ནས་ལྷ་མོར་ལྟ་ཆེད། ལྷ་མོའི་འཁྲབ་སྟོན་བྱེད་སྒོ“གནས་མི་འདྲ་བ་དང་འཁྲབ་སྟོན་མི་འདྲ་བའི”ཐབས་ལ་བརྟེན་ནས་ལྷ་མོ་འཁྲབ་སྟོན་ཐེངས་14བྱས་པ་རེད། ལྷ་ས་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་ལྷ་མོ་རུ་ཁག་དང་། མངའ་རིས་འཁོར་ཆགས་ལྷ་མོ་རུ་ཁག གཞིས་རྩེ་ལྷ་རྩེའི་རོག་མཚོ་ལྷ་མོ་རུ་ཁག ལྷོ་ཁ་གོང་དཀར་རྫོང་ལྕེ་བདེ་ཞོལ་ལྷ་མོ་རུ་ཁག་སོགས་དམངས་ཁྲོད་ཀྱི་ལྷ་མོ་རུ་ཁག་12ཀྱི་ལྷ་མོ་བ་དང་རྣམ་ཐར་ལ་དགའ་པོ་ཡོད་མཁན་320ལྷག་ཙམ་ད་ཐེངས་ཀྱི་འཁྲབ་སྟོན་བྱེད་སྒོར་ཞུགས་ཡོད་པ་ནི་སྔར་ནས་ད་བར་འཁྲབ་སྟོན་རུ་ཁག་དང་མི་གྲངས་མང་ཤོས་ཀྱི་ཐེངས་ཤིག་རེད།

    “མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་སྤེལ་བ་བརྒྱུད། ཉེ་བའི་ལོ་ཤས་རིང་ལྷ་མོ་འཁྲབ་སྟོན་ཇི་ཙམ་བྱས་པ་དེ་ཙམ་གྱིས་ལེགས་སུ་སོང་ནས་རྒྱན་གྱོས་དང་། འཁྲབ་ཆས། གར་སྟེགས་ཇུས་འགོད། ལྷ་མོ་བའི་འཁྲབ་རྩལ། གཞུང་གི་ནང་དོན་བཅས་ཚང་མར་འགྱུར་ལྡོག་དང་ཡར་རྒྱས་བྱུང་ཡོད། ལེ་ཚན་གྱི་ནང་དོན་དང་ལེ་ཚན་གྱི་རིགས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པའི་ཁར། ད་དུང་འཁྲབ་སྟོན་གྱི་སྤུས་ཚད་ཀྱང་སྔར་བས་གོང་མཐོར་སོང་ཡོད”ཅེས་ལོ་ན་71ལ་སོན་པའི་བགྲེས་སོང་བློ་བཟང་གིས་དགའ་སྤྲོའི་ངང་བརྗོད།

    བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཞོ་སྟོན་རིང་། དུས་ཡུན་ཉིན་7གྱི་འཁྲབ་སྟོན་བྱེད་སྒོར་ཉིན་ལྟར་འཁྲབ་སྟོན་ཆུ་ཚོད་7བྱས་ཡོད་པ་དང་། ལྟད་མོ་བ་དང་ཉན་མཁན་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་31.5ཟིན་པའི་ནང་ནོར་བུ་གླིང་ཁར་མི་ཐེངས་ཁྲི་21ཙམ་དང་རྫོང་རྒྱབ་ཀླུ་ཁང་དུ་མི་ཐེངས་ཁྲི་10.5ཟིན་ཡོད། འཁྲབ་ཐེངས་རེར་མི་ཚོགས་ཧ་ཅང་མང་བས་སྡོད་སའང་མེད་པ་རེད།

    ལྷ་མོའི་འཁྲབ་གཞུང་གི་ནང་དོན་དྲིལ་བསྒྲགས་ཁྱབ་གདལ་བཏང་སྟེ་ལྟད་མོ་བ་དེ་བས་མང་བས་ལྷ་མོར་རྒྱུས་མངའ་ལོན་ཆེད། འདི་ལོའི་ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་ལ་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་དོན་མདོར་བསྡུས་སྒྲ་ལ་ཕབ་སྟེ་འགྲེལ་བཤད་བརྒྱབ་ཡོད། འཁྲབ་སྟོན་མ་བྱས་གོང་ཉིན་ལྟར་ལྷ་མོའི་སྒྲ་ཕབ་གློད་ནས་འགྲེལ་བཤད་ཆུ་ཚོད་7བརྒྱབ་ཡོད་པས། རྒྱ་ཆེའི་ལྟད་མོ་བ་ཚོས་ལྷ་མོའི་འཁྲབ་གཞུང་གི་ནང་དོན་ཕྱོགས་ཡོངས་ནས་རྒྱུས་མངའ་ལོན་ཡོད། “མ་གཞི་ང་ལྷ་མོར་ཧ་ཅང་དགའ་པོ་ཡོད་ན་ཡང་འཁྲབ་གཞུང་གི་དུམ་ཚན་མང་པོ་ཞིག་ངས་གསལ་པོ་རྟོགས་ཀྱི་མི་འདུག་པས། ལྟད་མོ་ལྟ་སྐབས་འཁྲིས་ཀྱི་རྒན་འཁོགས་ལ་སྐད་ཆ་འདྲི་དགོས་ཀྱི་འདུག དགའ་འོས་པ་ཞིག་ལ་འདི་ལོ་ལྷ་མོ་འཁྲབ་པ་དང་དུས་མཚུངས་སྒྲ་ཕབ་འགྲེལ་བཤད་ཀྱང་ཡོད་པས། ང་ཚོ་ལྷ་མོའི་གཞུང་མི་ཤེས་པའི་ལྟད་མོ་བ་ཚོས་འཁྲབ་གཞུང་ལ་སྔར་བས་རྒྱུས་མངའ་ལོན་པ་མ་ཟད། ནང་དོན་ཀྱང་རྟོགས་པས་ལྟད་མོ་ཆེན་པོ་བྱུང”ཞེས་ལོ་25ལ་སླེབས་པའི་གྲོང་མི་ལྷག་པ་ཚེ་རིང་གིས་བློ་ཡིད་ཚིམས་པོས་བཤད།

    2013ལོ་ནས་བཟུང་། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་གར་སྟེགས་ལེགས་བཅོས་འདུ་འགོད་རྣམ་གྲངས་སྤེལ་འགོ་བཙུགས་ཏེ། གར་སྟེགས་ཀྱི་མཛེས་རྩལ་དང་། གློག་འོད། ཡི་གེ་སོགས་དེང་རབས་ཀྱི་ཚན་རྩལ་བྱ་ཐབས་ལ་བརྟེན་ནས་ཉེ་བའི་ལོ་ཤས་རིང་གི་ཞོ་སྟོན་རིང་སྔ་རྗེས་སུ《པད་མ་འོད་འབར》དང་། 《ཆོས་རྒྱལ་ནོར་བཟང》 《འགྲོ་བ་བཟང་མོ》 《སྣང་ས་འོད་འབུམ》སོགས་འཁྲབ་གཞུང་འཁྲབ་པར་རྒྱ་ཆེའི་ལྷ་མོ་དབྱིངས་པ་ཚོའི་དགའ་བསུ་ཚད་མེད་ཐོབ་པ་དང་ན་གཞོན་ལྟད་མོ་བས་དགའ་པོ་རྒྱ་ཁྱབ་བྱས་པ་མ་ཟད། རྒྱ་ཆེའི་ལྟད་མོ་བའི་བསྔགས་བརྗོད་ཆེན་པོ་ཐོབ་ནས་ལྷ་མོ་ལས་དམངས་ལ་ཕན་པ་ཐོབ་རྒྱ་ཆེ་རུ་སོང་བ་དང་ལྷ་མོ་གོང་འཕེལ་གྱི་ཞིང་ས་ཡག་པོ་ཞིག་བྱུང་ཡོད།

    རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་ནི་དེ་སྔའི་སྐྱོར་མོ་ལུང་དམངས་ཁྲོད་ལྷ་མོ་ཚོགས་པ་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ལྷ་མོ་ཚོགས་པ་འབའ་ཞིག་དེའང་རེད། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་ཐོག་མཐའ་བར་གསུམ་དུ“རྒྱུན་འཛིན་ཐད་བློ་མི་འཁུམ་པ་དང་། འཕེལ་རྒྱས་ཐད་རྩ་བ་དང་མི་འབྲལ་བའི”གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཚོགས་པ་ཡོངས་ཀྱི་ནུས་ཤུགས་བཏོན་ནས་ལྷ་མོའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་རྟེན་གཞི་བསྐྲུན་པ་རེད། ད་ཐེངས་ཀྱི་བྱེད་སྒོར་འཁྲབ་པའི《གཟུགས་ཀྱི་ཉི་མ》ནི་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་གྲགས་ཅན་བརྒྱད་ཀྱི་གྲས་ཤིག་ཡིན་པ་དང་། འབག་སྔོན་ལྷ་མོའི་སྐྱོར་མོ་ལུང་ཟློས་གར་ཚོགས་པ་དང་དེའི་སྒྱུ་རྩལ་འཁྲབ་ལུགས་ཀྱི་འཁྲབ་རྒྱུན་ཞིག་ཡིན་པས། ལྷ་སའི་གྲོང་མིའི་ཁྲོད་དུ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད། ལྷ་མོ་ཚོགས་པས་གཏམ་རྒྱུད་ཀྱི་གཙོ་རྐང་སོར་འཇོག་བྱས་པའི་རྨང་གཞིའི་ཐོག 《གཟུགས་ཀྱི་ཉི་མ》ཉུང་བསྡུས་སྒྲིག་བཟོ་བྱས་ཏེ། དེང་རབས་ཀྱི་གར་སྟེགས་མཛེས་རྩལ་ལག་རྩལ་གང་ལེགས་སྤྱད་ནས་མི་སེར་གྱི་ངག་རྒྱུན་དུ་འཇགས་པ་དང་བློ་ཁ་ཕྱོགས་སའི་ནགས་ཚལ་དང་ཕོ་བྲང་སོགས་ཀྱི་སྣང་བརྙན་རྣམས་སྔར་ན་མེད་པའི་སྒྱུ་རྩལ་ཀྱི་ཐབས་ལ་བརྟེན་ནས་འཁྲབ་པར་རྒྱ་ཆེའི་ལྟད་མོ་བའི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། “ཕ་མ་གཉིས་ཀྱིས་ང་ལ་གར་སྟེགས་ཟློས་གར《གཟུགས་ཀྱི་ཉི་མ》ནི་སྲོལ་རྒྱུན་གྱི་ཕྱི་རོལ་དུ་འཁྲབ་པའི་ལྷ་མོ་ལས་ལྟད་མོ་ཆེ་བ་འདུག་ཅེས་འོས་སྦྱོར་གནང་བྱུང་། དེ་སྔ་ཁོང་རྣམ་གཉིས་ཀྱིས་གར་སྟེགས་ཟློས་གར《འགྲོ་བ་བཟང་མོ》གཟིགས་རྗེས་ལྟད་མོ་ཆེན་པོ་བྱུང་བས། འདི་ལོ་ངར་ལྟ་བར་རྒྱུགས་ཞེས་གསུང་གི་འདུག ལྷ་མོའི་གར་སྟེགས་ཟློས་གར་བལྟས་རྗེས། སེམས་འགུལ་ཆེན་པོ་ཐེབས་ནས་སྤྲོ་སྣང་ཞིག་འཕེལ་གྱི་འདུག”ཅེས་ལོ་24ལ་སླེབས་པའི་གྲོང་མི་དབང་མོས་སེམས་འགུལ་ཆེན་པོས་དེ་ལྟར་བཤད།

    བོད་ཀྱི་དམངས་ཁྲོད་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ལྷ་མོའི་སྒྱུ་རྩལ་གྱི་བྱ་གཞག་ཟམ་མི་ཆད་པར་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཆེད། འདི་ལོའི་ཞོ་སྟོན་རིང་། དམངས་ཁྲོད་ལྷ་མོའི་སྒྱུ་རྩལ་བ་340དང་ཆེད་ལས་ལྷ་མོ་བ་70ལྷག་ཙམ་གྱིས་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ལྷ་མོའི་རྣམ་ཐར་འཁྲབ་སྟོན་བྱས་པར《རྔོན་པའི་འདོན》དང《གཟུགས་ཀྱི་ཉི་མ》ཡི་དུམ་ཚན་དང་། 《པད་མ་འོད་འབར》སོགས་འཁྲབ་གཞུང་གི་ནང་དོན་ཚུད་ཡོད། འཁྲབ་སྟོན་བྱེད་རིང་། ལོ་4ལ་སླེབས་པའི་ལྷ་མོ་བ་ཆུང་ཆུང་གིས་བཏང་བའི《འགྲོ་བ་བཟང་མོ་དང་ཀཱ་ལ་དབང་པོ》ཡི་རྣམ་ཐར་དུམ་བུར་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད།

    ད་ཐེངས་ཀྱི་རྣམ་ཐར་མགྲིན་འགུག་འཁྲབ་སྟོན་བྱས་པ་བརྒྱུད། ལྷ་མོ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་དུ་བདམས་ནས་ལོ་ངོ་10འཁོར་ཚུན། རང་ལྗོངས་ཀྱིས་ལྷ་མོའི་རིག་གནས་ལ་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་མངོན་པ་དང་། ལྷ་མོའི་ལུགས་ཁག་གི་འཁྲབ་སྟོན་དང་སྤེལ་རེས་ལ་ལས་སྟེགས་ནུས་ལྡན་བསྐྲུན་ནས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བར་ཕྱོགས་ཡོངས་དང་ངོས་མི་འདྲ་བར་ལྷ་མོའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་དགའ་སྐྱིད་དང་། འཆམ་མཐུན། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྣམ་པ་ཞིག་བཏོད་པ་རེད།

    ལྷ་མོ《གཟུགས་ཀྱི་ཉི་མའི》དུམ་བུ《ཆུ་ལེན་བུ་མོའི》ལོ་12ལ་སླེབས་པའི་ལྷ་མོ་བ་བསྟན་འཛིན་ཡོན་དཔལ་གྱིས“ང་ལྷ་མོའི་འཁྲབ་སྟོན་དུ་ཞུགས་པའི་ལོ་4ཡི་རིང་། རྒྱུན་དུ་ནང་སྦྱོང་བྱེད་སྐབས་དཀའ་ངལ་ཆེན་པོ་ཡོད་རུང་། གྲུབ་འབྲས་ཆེན་པོ་ཐོབ་བྱུང་། ལྷ་མོ་ནི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པས། ལྷ་མོ་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ནི་ང་ཚོའི་འགན་འཁྲི་དང་ལས་འགན་རེད། སླད་ཕྱིན། ངས་སྔར་ལས་ལྷག་པའི་འབད་བརྩོན་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་འདི་དེ་བས་ལེགས་པའི་སྒོ་ནས་རྒྱ་ཆེའི་ལྟད་མོ་བར་སྤྱན་འབུལ་ཞུ་གི་ཡིན”ཞེས་བཤད།

    སྐབས་འདིའི་ལྗོངས་ཡོངས་ཀྱི་ལྷ་མོ་འཁྲབ་སྟོན་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཞོ་སྟོན་གྱི་རྣམ་པ་བཟང་པོ་བཏོད་པ་དང། ལྗོངས་ཡོངས་ཀྱི་ལྷ་མོའི་རུ་ཁག་གི་སྤེལ་རེས་སློབ་སྦྱོང་ལ་སྐུལ་འདེད་བཏང་ནས་ལྷ་སའི་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཞོ་སྟོན་གྱི་སྔོན་དཔག་དམིགས་ཡུལ་གྲུབ་སྟེ། རྒྱ་ཆེའི་ལྟད་མོ་བར་ལྷ་མོ་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་བསྟན་པ་དང། གྲོང་མི་མང་ཚོགས་ཀྱི་བསམ་པའི་རིག་གནས་དང་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ། ལྷ་མོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།