[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག>ལག་རྩལ།
  • སྲོལ་རྒྱུན་རིག་གནས་ངོ་མཚར་དཔག་མེད་ལྡན། ལག་ཤེས་ངོམས་ནས་ཕྱུག་པོའི་ལམ་དུ་བསྐྱོད།

    —— སྐལ་དོན་བོད་བཟོའི་འཛིན་ཆས་ཆེད་ལས་མཉམ་ལས་ཁང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-25

    3.jpg

    འདི་ནི་མང་ཚོགས་ཀྱིས་ཐིག་རྐྱལ་དང་ལྟོ་ཕད་འཚེམ་བཞིན་པ།

    2.jpg

    འདི་ནི་སྐལ་བཟང་དོན་གྲུབ་ཀྱིས་མཉམ་ལས་ཁང་ནས་བཟོས་པའི་བྱང་ཤིང་སྟོན་པའི་གནས་ཚུལ་ཡིན་པ།

    “འདི་ལོའི་ཡར་ཀླུང་ཚོང་འདུས་རིང་ང་ཚོའི་ཐོན་རྫས་ལ་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ནས་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་བ་མ་ཟད། ད་དུང་མངགས་ཐོའང་མང་པོ་རག་བྱུང་། ད་ཆ་ང་ཚོའི་བཟོ་པ་ཚོས་ཉིན་ལྟར་ལས་དུས་འཕར་མ་བྱས་ནས་མངགས་ཐོ་དེ་དག་སྔ་ཙམ་ལེགས་གྲུབ་ཐུབ་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད”ཅེས་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་དགའ་ཚལ་གྲོང་ཚོའི་སྐལ་དོན་དབུལ་སྐྱོར་བོད་བཟོའི་འཛིན་ཆས་ཆེད་ལས་མཉམ་ལས་ཁང་དུ་བཟོ་པའི་སྣེ་ཁྲིད་དེ་ལས་དུས་འཕར་མ་བྱེད་བཞིན་པའི་མཉམ་ལས་ཁང་གི་འགན་འཁུར་བ་སྐལ་བཟང་དོན་གྲུབ་ཀྱིས་བཤད།

    མཉམ་ལས་ཁང་དེ་2014ལོར་བཙུགས་པ་དང་གཙོ་བོ་སྲོལ་རྒྱུན་གྱི་བོད་ཡིག་ཡིག་གཟུགས་སྦྱོང་ཆས་དང་། མི་རིགས་རིག་གནས་སློབ་གསོའི་ཐོན་རྫས། བོད་བཟོའི་འཛིན་ཆས། ཤིང་ཆའི་ལག་ཤེས་སྒྱུ་རྩལ་ཐོན་རྫས། དངོས་ཟོག་བརྐོས་མ་བཅས་བཟོ་བ་མ་ཟད། ད་དུང་ཁང་པར་མཛེས་རྒྱན་སྤྲོས་པ་སོགས་བྱེད་ཀྱི་ཡོད། ད་ལྟ་རྒྱུན་སྡོད་ལས་མི་14དང་དུས་ཐུང་ལས་མི་20ལྷག་ཙམ་ཡོད་པ་ཚང་མ་ས་གནས་དེ་གའི་ཡིག་ཚགས་བཟོས་པ་དང་གཱ་སྤྲད་པའི་དུད་ཚང་དབུལ་པོ་ཤ་སྟག་རེད། 2016ལོའི་ཡར་ཀླུང་ཚོང་འདུས་རིང་མཉམ་ལས་ཁང་གི་སྲོལ་རྒྱུན་གྱི་བོད་ཡིག་སྦྱོང་ཆས་བྱང་ཤིང་དང་། ཐིག་རྐྱལ། སྨྱུ་གུ། སྣག་བུམ་བཅས་ལ་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད།

    སྐལ་བཟང་དོན་གྲུབ་ཀྱིས་2005ལོར་ང་རང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་རི་མོའི་འཛིན་གྲྭ་ནས་ཐོན་རྗེས་བོད་བཟོའི་འཛིན་ཆས་ཀྱི་ཚོང་བརྒྱབ་ཀྱང་ད་ཆ་ལྟར་ལམ་ལྷོངས་མ་བྱུང་། 2015ལོའི་ལོ་སྟོད་དུ་ངས་ཕྲུ་གུ་སློབ་གྲྭར་སྐྱེལ་སྐབས་ལོ་རིམ་དམའ་བའི་སློབ་མ་ཚང་མས་ཞ་སྨྱུག་གིས་སྦྱོང་དེབ་ཐོག་བོད་ཡིག་ཡིག་གཟུགས་སྦྱོང་བ་དང་ཁོང་ཚོས་བྲིས་པའི་ཡིག་གཟུགས་གཅིག་ནས་མཛེས་པོ་མེད་ལ་གཅིག་ཤོས་ནས་ཚད་དང་མི་མཐུན་པ་ཞིག་ཡོད་པ་མཐོང་བྱུང་། སྐབས་དེར་ང་རང་ཆུང་དུས་བྱང་ཤིང་སྟེང་བོད་ཡིག་ཡིག་གཟུགས་སྦྱོང་བའི་གནས་ཚུལ་ལྷང་ངེར་དྲན་བྱུང་ཞེས་བཤད།

    སྐལ་བཟང་དོན་གྲུབ་ཀྱིས་ཁྱིམ་དུ་ལོག་པའི་ལམ་བར་དུ་བསམ་བློ་ཡང་ཡང་བཏང་རྗེས་སྲོལ་རྒྱུན་གྱི་བོད་ཡིག་ཡིག་གཟུགས་སྦྱོང་ཆས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་སྙམ་ནས་འཕྲལ་དུ་ཕྲུ་གུར་བྱང་ཤིང་ཞིག་བཟོ་འགོ་ཚུགས། ཁོང་གིས་ཉིན་ཤས་འབད་བརྩོན་བྱས་པ་བརྒྱུད། བྱང་ཤིང་ཞིག་གཞི་ནས་བཟོ་ཐུབ་པ་བྱུང་བ་རེད། དེ་ནས་ཁོང་ལ་བྱང་ཤིང་སྟེང་ཐིག་འཐེན་པའི་ཐིག་རྐྱལ་ཞིག་བཟོ་རྒྱུའི་བསམ་བློ་འཁོར་ནས་ཁོ་རང་ཆུང་དུས་སྐབས་ཀྱི་བག་ཆགས་ལྟར་ཐིག་རྐྱལ་ཞིག་བཟོས། མཐར་གནའ་ཉམས་དོད་པའི་བོད་ཡིག་ཡིག་གཟུགས་སྦྱོང་ཆས་ཆ་ཚང་ཞིག་བཟོས་ནས་རང་ཉིད་ཀྱི་ཕྲུ་གུར་བསྐུར། བསམ་ཡུལ་ལས་འདས་པ་ཞིག་ནི་ཡུན་རིང་མ་སོང་བར་སློབ་མ་གཞན་དག་གི་ཁྱིམ་བདག་མང་པོས་ཁོང་བཙལ་ནས་ཕྲུ་གུར་ཡིག་གཟུགས་སྦྱོང་ཆས་ཆ་ཚང་ཞིག་བཟོ་རྒྱུའི་རེ་བ་བཏོན། དེ་ནས་ཁོང་གི་སྙན་གྲགས་གང་སར་ཁྱབ་པ་དང་བསྟུན་ནས་སྐལ་དོན་གྱི་བོད་ཡིག་ཡིག་གཟུགས་སྦྱོང་ཆས་ཀྱི་སྙན་གྲགས་ཡོངས་སུ་ཁྱབ།

    སྐལ་དོན་སྲོལ་རྒྱུན་བོད་ཡིག་ཡིག་གཟུགས་སྦྱོང་ཆས་ཚོང་ཁང་ལྷ་ས་དང་། རྩེད་ཐང་། གོང་དཀར་སོགས་སུ་བཙུགས་པ་མ་ཟད། ད་དུང་དྲ་ཐོག་ཏུ་ཕྱིར་ཚོང་སྟེགས་བུ་བསྐྲུན་ནས་ཁོང་གི་ཐོན་རྫས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་དང་པེ་ཅིང་དང་། མཚོ་སྔོན། སི་ཁྲོན་སོགས་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་དུ་བཙོངས་བ་མ་ཟད་ཐ་ན་ཕྱི་རྒྱལ་དུའང་འཚོང་གི་ཡོད།

    སྐལ་བཟང་དོན་གྲུབ་ཀྱིས་ལག་ཏུ་བྱུང་འཛིན་འཁྱེར་ནས་དགའ་ཚོར་ཆེན་པོའི་ངང་གསར་འགོད་པར“ང་ཚོའི་ཐོན་རྫས་དབྱིན་ཇི་དང་ཨ་རིར་འཚོང་གི་ཡོད”ཅེས་བཤད་བྱུང་།

    སྐལ་བཟང་དོན་གྲུབ་ཀྱིས“དེ་གར་ལས་ཀ་བྱེད་བཞིན་པའི་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད། མཉམ་ལས་ཁང་དུ་འགན་གཙང་ལམ་ལུགས་ལག་བསྟར་བྱས་རྗེས་མཉམ་ལས་ཁང་གིས་མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་པ་དང་མང་ཚོགས་ཀྱིས་མཉམ་ལས་ཁང་དུ་ལས་སྣོན་བྱེད་ཆོག་ལ་ཁྱིམ་དུའང་ལས་སྣོན་བྱེད་ཆོག”ཅེས་བཤད་བྱུང་། གྲོང་མི་གཡང་འཛོམས་ཀྱིས“ང་ཚོ་སྤྱིར་ན་ཉིན་མོར་ཞིང་ལས་བྱེད་པ་དང་མཚན་མོར་ཁྱིམ་དུ་ལས་སྣོན་བྱེད་ཀྱི་ཡོད། ངས་གཙོ་བོ་ཐིག་རྐྱལ་དང་ཁུག་མ་འཚེམ་གྱི་ཡོད། དེ་དག་ལས་སྣོན་བྱེད་པར་འཚེམ་འཁོར་བྱུང་ན་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད་བྱུང་།

    སྐལ་བཟང་དོན་གྲུབ་ཀྱིས་གསར་འགོད་པར་ཤིང་རྒྱུའི་རིམ་གསུམ་ཤུར་ཅོག་གཅིག་བསྟན་ནས་དེ་ནི་ནུས་པ་མང་བའི་སྲོལ་རྒྱུན་གྱི་བློ་རིག་རྩེད་ཆས་ཤིག་རེད་ཅེས་ཅུང་སྤོབས་སེམས་ཆེན་པོས་བཤད། གསར་འགོད་པར་ཤུར་ཅོག་དང་པོའི་སྟེང་སྐྱི་རིམ་གྱི་རི་མོ་བཀོད་པ་དང་། ཤུར་ཅོག་གཉིས་པའི་སྟེང་ཤོ་རྒྱག་རི་མོ་བཀོད་པ། ཤུར་ཅོག་གསུམ་པའི་སྟེང་མིག་མངས་དང་རྒྱལ་པོ་རྒྱན་རྩེད་ཀྱི་རི་མོ་བཀོད་པ་མཐོང་བྱུང་། ཤུར་ཅོག་ཚང་མའི་སྟེང་རྩེད་མོའི་རི་མོ་མི་འདྲ་བ་འཁོད་པས་རྩེད་མོ་གང་རྩེ་འདོད་ཚེ་དེ་རྩེ་ཆོག་པས་བློ་རིག་རྩེད་ཆས་དེ་བཟོ་བཀོད་ལེགས་པ་མ་ཟད། བེད་སྤྱོད་སྐབས་ཧ་ཅང་སྟབས་བདེ་པོ་འདུག

    སྐལ་བཟང་དོན་གྲུབ་ཀྱིས་མིག་སྔར་སྲོལ་རྒྱུན་གྱི་བློ་རིག་རྩེད་ཆས་དེ་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་ཀྱི་བུ་བཅོལ་ཁང་དུ་ཚོད་ལྟ་བྱས་ནས་སྤྱད་པར་ཕྲུ་གུ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་ངོ་སྤྲོད་བྱས་བྱུང་།

    སྐལ་དོན་མཉམ་ལས་ཁང་དེ་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དང་། བོད་ལྗོངས་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོ། ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་མི་རིགས་ཀྱི་ཁྱད་ལྡན་ཚོང་ཟོག་འགྲེམས་སྟོན་སོགས་ནང་ཐེངས་མང་ཞུགས་མྱོང་ཡོད། མཉམ་ལས་ཁང་གི“མི་རིགས་རིག་གནས་སློབ་གསོའི་ཐོན་རྫས”ལ་ལྷོ་ཁ་གྲོང་ཁྱེར་གྱི་2016ལོའི་དམངས་ཡོངས་ཀྱི་གསར་གཏོད་འགྲན་བསྡུར་ཆེ་མོའི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།