[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • ཤང་ཀང་གི་གཞོན་ནུས་བོད་ཀྱི་ཐང་ག་བཞེངས་སྟངས་སྦྱངས་པ།

    ​ “སྨྱུག་རྩེའི་བློ་སྦྱོང”ཉམས་ལེན་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-09

    “ཐང་ག་ནི་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཞིག་རེད། ཐང་ག་བཞེངས་སྐབས་བློ་རྩེ་གཅིག་ཏུ་སྒྲིམ་པ་དང་སེམས་རྣལ་ལ་འབེབས་དགོས”“གསེར་ཕྱེ་ཞིབ་ཞིབ་བཟོ་བ་ཁོ་ནར་ཉིན་གསུམ་དགོས་ཀྱི་ཡོད། ཆུ་བླུགས་ནས་དྭངས་གསིང་ཕྱེ་རྗེས་རུས་སྤྱིན་བླུགས་ཏེ་བཟོས་པའི་ཚོན་རྒྱུ་དང་ཚོན་རྒྱུ་གྲུབ་མ་སྤྱད་ནས་བཞེངས་པའི་ཐང་ག་གཏན་ནས་འདྲ་ཡི་མེད”ཅེས་ཤང་ཀང་གྲོང་ཁྱེར་སློབ་ཆེན་ནས་ཐོན་པའི་ཁྲེན་ཧོན་ཐིང་གིས་གསེར་ཕྱེ་བླུགས་པའི་ཚོན་ཕོར་ཁྱེར་ཏེ་གསར་འགོད་པར་བཤད།

    འདི་ལོའི་དབྱར་ཁར་ཁྲེན་ཧོན་ཐིང་དང་ཤང་ཀང་གི་གཞོན་ནུ་12ཤང་ཀང་གི་གཞོན་ནུ་སྤེལ་རེས་སྐུལ་སྤེལ་ཚོགས་པ་དང་དྲ་ཐོག་གཞོན་ནུའི་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་གཉེར་བའི“ཐང་ག་བཞེངས་ཁང—ལྷ་འབྲི་བ་གསར་པའི་ནང་སའི་དངོས་སྦྱོང་འཆར་གཞིར”ཞུགས་པ་རེད། ཟླ་7པའི་ཟླ་འགོར་ཁོང་ཚོ་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་དུ་བསྐྱོད་ནས་དུས་ཡུན་ཉིན་40ཡི་རིང་ཐང་ག་བཞེངས་སྟངས་སློབ་སྦྱོང་བྱས་པ་དང་ཀྲུང་གོ་བཟོ་རྩལ་མཛེས་རྩལ་མཁས་ཅན་རེབ་གོང་ཐང་ག་འབྲི་ཁང་གི་ཡོན་ཀྲང་སྙིང་འབུམ་དགེ་རྒན་ལ་བསྟེན་པ་རེད།

    ཐང་ག་ནི་བོད་རིགས་ས་ཁུལ་གྱི་ཆོས་ལུགས་ཀྱི་ནང་དོན་ལྡན་པའི་ཤོག་སྒྲིལ་རི་མོ་ཞིག་ཡིན་པ་དང་རེབ་གོང་རྫོང་ལ“བོད་ཀྱི་ལྷ་འབྲི་བའི་ཕ་ཡུལ”ཞེས་བརྗོད་ཀྱི་ཡོད། ཡུལ་དེའི་ཐང་གའི་སྒྱུ་རྩལ་ལ་བོད་ཀྱི“སྨན་ཐང་ལུགས”ཀྱི་ཐང་ག་བཞེངས་སྟངས་དང་། ཏུན་ཧོང་གི་ལྡེབས་རིས། སྒྱུ་རྩལ་ཉམས་འགྱུར་གཞན་དག་བཅས་མཉམ་འདྲེས་བྱས་པས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆེན་པོ་ཡོད། ལོ་བརྒྱ་ཕྲག་མང་པོའི་ནང་དེར་ལྷ་འབྲི་བ་དང་། ཚོན་རིས་གཏོང་མཁན། འཇིམ་བཟོ་བ་བཅས་ཀྱི་དམངས་ཁྲོད་སྒྱུ་རྩལ་པ་མང་པོ་ཐོན་མྱོང་ཡོད།

    ཁྲེན་ཧོན་ཐིང་གིས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་བསམ་ཡུལ་ལས་འདས་པ་མང་པོ་ཐོན་གྱི་འདུག ཐང་སྒྲོམ་བཟོ་བ་དང་། རས་ལ་ཚོན་བྱུག་པ། ཚོན་རྒྱུ་བཟོ་བ། ཐིག་རྒྱག་པ་བཅས་ཀྱི་གོ་རིམ་ཚང་མ་ལྷ་འབྲི་བ་རང་ཉིད་ཀྱིས་ལེགས་སྒྲུབ་བྱེད་དགོས་ཀྱི་ཡོད། “གདོད་མའི”སྒྱུ་རྩལ་རྣམ་པ་དེ་རིགས་ཀྱིས་ཐང་ག་དེ་བས་ལེགས་པའི་ངང་རྒྱུན་འཛིན་ཐུབ་ཡོད་ཅེས་བཤད་པ་རེད།

    དེ་བས་ཁོང་གི་བསམ་ཡུལ་ལས་འདས་པ་ཞིག་ནི་ཐང་ག་བཞེངས་སྟངས་སློབ་མཁན་དགེ་སློབ་ཀྱི་འབྲེལ་བ་ཡིན། “ང་ཚོའི་དུས་རྒྱུན་གྱི་རི་མོ་སྦྱོང་ཐབས་ནི‘རིན་མཉམ་བརྗེ་འཚོང’ལྟ་བུ་ཞིག་རེད། ཡིན་ནའང་ཐང་གའི་སྲོལ་རྒྱུན་གྱི་དགེ་རྒན་གྱིས་སློབ་མ་ཁྲིད་པར་སློབ་ཡོན་སྤྲོད་མི་དགོས་པའི་ཁར། ད་དུང་ཟ་སྡོད་ཀྱང་འགན་ལེན་བྱེད་ཀྱི་ཡོད། དེར་དམིགས་བསལ་གྱི་རིག་གནས་དང་དམངས་སྲོལ་ལྡན་ཡོད”ཅེས་ཁྲེན་ཧོན་ཐིང་གིས་བཤད།

    ཤང་ཀང་རྒྱ་ཡིག་སློབ་ཆེན་སྒྱུ་རྩལ་ཚན་ཁག་གི་ལོ་རིམ་གསུམ་པའི་སློབ་མ་ཡུས་ཡོན་ཡུས་ནི་ཐང་གའི་སྒྱུ་རྩལ་གྱིས་ཡིད་དབང་རབ་ཏུ་འཕྲོག་པ་ཞིག་ཡིན་པས་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་རེད། “སློབ་གྲྭའི་སློབ་ཐོན་འགྲེམས་སྟོན་ཐོག་ངས་ལོ་རིམ་མཐོ་བའི་གཅེན་མོ་ཞིག་གིས་བཞེངས་པའི་ཐང་ག་མཐོང་བྱུང་། ཧ་ཅང་ཡིད་དུ་འོང་བ་ཞིག་འདུག དེས་རྦད་དེ་ཡིད་དབང་འཕྲོག་སོང”ཞེས་ཡུས་ཡོན་ཡུས་ཀྱིས་བཤད།

    ཡུས་ཡོན་ཡུས་ཆུང་དུས་ནས་རི་མོ་སྦྱངས་པས་རི་མོ་འབྲི་རྩལ་ངེས་ཅན་ཞིག་ཡོད། “ཆུང་དུས་རི་མོ་ནི་རྩེད་མོའི་ཚུལ་དུ་སྦྱངས་པ་ཞིག་ཡིན། སློབ་གྲྭར་བསྐྱོད་རྗེས་གཞི་ནས་འབྲི་རྩལ་སྦྱངས་པ་ཞིག་ཡིན། དེར་སླེབས་རྗེས་ཐང་ག་བཞེངས་པ་ནི་དད་སེམས་ཤིག་ཡིན་པ་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་ཐུབ་པ་ཚོར་བྱུང་། རིག་གནས་དེ་སྦྱོང་རྒྱུ་བྱུང་བ་ནི་ངའི་བསོད་ནམས་ཡིན”ཞེས་ཁོང་གིས་བཤད།

    ཤང་ཀང་རྒྱ་ཡིག་སློབ་ཆེན་སྒྱུ་རྩལ་ཚན་ཁག་གི་ལོ་རིམ་གསུམ་པའི་སློབ་མ་ཝང་ཨན་ཉི་ཡིས《སྒྲོལ་མ་དཀར་པོ》རང་ཉིད་ཀྱི་སློབ་སྦྱོང་བྱ་ཡུལ་བརྩམས་ཆོས་སུ་བདམས་ཡོད། “ཐང་ག་ནི‘རི་མོའི་ཐོག་ནས་ལོ་རྒྱུས་མཚོན་པ་དང་རི་མོའི་ཐོག་ནས་གཏམ་རྒྱུད་མཚོན་པ’ཞིག་རེད། སྒྲོལ་དཀར་གྱི་སྐུ་བརྙན་མཛེས་པོ་ཡོད་པ་དང་དེས་ཚེ་རིང་པོ་དང་བདེ་ཐང་ཡོང་བ་མཚོན་གྱི་ཡོད། ཐང་ག་བཞེངས་སྟངས་སྦྱངས་ནས་དེའི་སྐོར་གྱི་རིག་གནས་དེ་བས་མང་བ་ཤེས་འདོད་ཡོད་ལ། སླར་ཡང་གོ་སྐབས་དེ་ལྟ་བུ་ཐོབ་རྒྱུའི་རེ་བའང་ཡོད”ཅེས་ཁོང་གིས་བཤད།

    “དེ་སྔ་ཐང་ག་རྒྱུན་འཛིན་བྱེད་སྟངས་ནི་ཕས་བུ་ལ་སློབ་པ་དང་། དགེ་རྒན་གྱིས་དགེ་ཕྲུག་ལ་སློབ་པ། སྐྱེས་པར་སློབ་པ་ལས་བུ་མོར་སློབ་ཀྱི་མེད། ད་ཆ་གནའ་སྲོལ་དེ་དག་ལ་འགྱུར་ལྡོག་ཕྱིན་ནས་ཐང་ག་སྦྱོང་མཁན་ཇེ་མང་དུ་སོང་ཡོད། འདི་ལོ་ཐང་ག་འབྲི་ཁང་དུ་ཤང་ཀང་གི་སློབ་མ་སླེབས་པ་ནི་རིག་གནས་སྤེལ་རེས་དང་རྒྱུན་འཛིན་ཡག་པོ་བྱེད་པ་ཞིག་ཡིན”ཞེས་རེབ་གོང་ཐང་ག་འབྲི་ཁང་གི་མཛུབ་ཁྲིད་དགེ་རྒན་བཀྲ་ཤིས་ཟླ་བས་བཤད།

    ཤང་ཀང་གི་གཞོན་ནུའི་སྤེལ་རེས་སྐུལ་སྤེལ་ཚོགས་པའི་ཀྲུའུ་ཞི་གཞོན་པ་ལིན་རུང་ཧྥུང་གིས་ཤང་ཀང་གི་གཞོན་ནུའི་ནང་སའི་སྤེལ་རེས་འཆར་གཞི་ལག་ལེན་བསྟར་ནས་ལོ་བཞི་འགྲོ་ཡི་ཡོད། “འདི་ལོའི་ཟླ་10པར་ཤང་ཀང་དུ་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་ཆེ་གྲས་ཤིག་གཉེར་རྒྱུ་ཡིན་པ་དང་། སློབ་མ་དེ་དག་གི་བརྩམས་ཆོས་འགྲེམས་རྒྱུ་རེད། བྱེད་སྒོ་དེ་དག་ལ་བརྟེན་ནས་ཤང་ཀང་གི་གཞོན་ནུ་ཚོས་མེས་རྒྱལ་གྱི་སྲོལ་རྒྱུན་རིག་གནས་སྔར་བས་ཤེས་རྟོགས་ཐུབ་པ་བྱས་ཏེ་རིག་གནས་དང་སྒྱུ་རྩལ་དེ་དག་ཁྱབ་གདལ་ཐུབ་པའི་རེ་བ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།