[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • སྤེན་ནོར་དང་བོད་ཀྱི་དར་སོ་ཆེ་བའི་གླུ་གཞས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-10

    དུས་རབས་གོང་མའི་ལོ་རབས་90པར། བོད་ཀྱི་གླུ་གར་ཚོགས་པའི་ཚོགས་གཙོས་གཞོན་ནུ་ཁག་གཅིག་གི་ཇུས་བཀོད་ལ་ཉན་པ་དང་། ལྟད་མོ་བར་སྤ་སེ་འཚོང་བ་མ་ཟད། ཐ་ན་ལྟད་མོ་བ་མང་བའི་དུས་སྒོ་འགོག་པར་འགྲོ་བཞིན་ཡོད། ཕྱི་རོལ་དུ་དར་སོ་ཆེ་བའི་གཞས་ལ་དགའ་པོ་ཚད་མེད་བྱེད་མཁན་གྱི་མི་རབས་གསར་པས་འཚང་ཁ་ཤིག་ཤིག་ངང་ལྟ་བར་འོང་བ་དང་། ནང་དུ་བོད་ཀྱི་དེང་རབས་རོལ་དབྱངས་ལོ་རྒྱུས་ཐོག་གལ་ཆེ་ཤོས་ཀྱི་མི་སྣ་ཤ་སྟག་ཡིན། ཁོང་ཚོས་རང་ཉིད་ཀྱིས་སྤྲོ་སེམས་ལ་བརྟེན་ནས་དུས་རབས་གོང་མའི་ལོ་རབས་90པར་བོད་ཡུལ་དུ་རོལ་དབྱངས་ཀྱི་ཚ་རླབས་གསར་པ་འཕྱུར་བ་བྱས་ཡོད། དེའི་ཁྲོད་བསྟན་འཛིན་སྤེན་ནོར་ཡོད།

    ཀྲུང་གོ་རོལ་དབྱངས་སློབ་གླིང་ནས་སློབ་གྲྭ་ཐོན་རྗེས་སྤེན་ནོར་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པར་ལས་བགོས་བརྒྱབ། ལས་ཞོར་སྐབས་ཁོང་དང་སྐབས་དེ་དུས་བོད་ལྗོངས་ལྷ་མོ་ཚོགས་པའི་རོལ་ཆ་རུ་ཁག་གི་ཨོག་ལེན་ཆེ་བ་གཏོང་མཁན་ཚེ་ཕུན་དང་། བོད་ལྗོངས་གླུ་གར་ཚོགས་པའི་རོལ་ཆ་རུ་ཁག་གི་ཨོག་ལེན་ཆེ་བ་གཏོང་མཁན་བཀྲ་ཤིས་དོན་གྲུབ་སོགས་ཀྱིས་བོད་ཀྱི་ལོ་རྒྱུས་ཐོག་གི་འདར་འགྲིལ་རོལ་ཆ་རུ་ཁག་དང་པོ་སྟེ་གངས་ལྗོངས་བྱ་རྒོད་ཅེས་པ་བཙུགས་པ་དང་། ཆེད་ལས་སློབ་སྦྱོང་བྱས་མྱོང་བ་དང་གཞས་གདངས་རྩོམ་པའི་འཇོན་ཐང་ཡོད་པའི་དབང་གིས་སྤེན་ནོར་གྱིས་གློག་རྡུལ་ཀང་ཆིན་གཏོང་བའི་འགན་འཁུར་བ་མ་ཟད། དེ་དང་ཆབས་ཅིག་གཞས་གདངས་རྩོམ་པ་དང་། རོལ་དབྱངས་ཁག་དབྱེ་བ། རོལ་ཆ་མཉམ་སྒྲིག་སོགས་ཀྱི་ལས་འགན་འཁུར་གྱི་ཡོད།

    402653_yis_1496809496177_s.jpg

    ཐེངས་ཤིག་བོད་ལྗོངས་ལྷ་མོ་ཚོགས་པས་ཁོ་ཚོ་གཤམ་འོག་ཏུ་འཁྲབ་སྟོན་དུ་སྒྲིག་འཛུགས་བྱས་པས་ན། སྤེན་ནོར་སོགས་ཀྱིས་ཕྱོགས་གཅིག་ནས་བྲི་བྱའི་རྒྱུ་ཆ་འཚོལ་བ་དང་ཕྱོགས་གཞན་ཞིག་ནས་འཁྲབ་སྟོན་བྱེད་པ་དང་དུས་མཚུངས་ཕྱིར་བསྐྱོད་དེ་སྤྱིན་ཤོག་བཙོངས་ནས་ཡོང་འབབ་ཕྲན་བུ་གསོག་འདོད་བྱུང་བས་ཕྱིན། ལམ་བར་དུ་ཆུ་ཤུར་དང་། སྙེ་མོ། གྲོ་མོ། རྒྱལ་རྩེ། གཞིས་རྩེ་སོགས་སུ་འཁྲབ་སྟོན་བྱས་པས་སྐད་གྲགས་ཆེན་པོ་བྱུང་། གཞིས་རྩེའི་ཚོགས་ཁང་ཆེ་མོར་འཁྲབ་སྟོན་བྱེད་སྐབས་མི་སྟོང་ཕྲག་ལྷག་ལྟ་བར་ཡོང་བ་དང་ཐ་ན་བར་ཁྱམས་སུའང་མིས་ཁེངས། སྐབས་དེར་སྤྱིན་ཤོག་ནང《སྐྱོ་གདུང》ཟེར་བའི་གླུ་གཞས་ཤིག་ཡོད་པ་དེ་སྤེན་ནོར་ཁོང་ངོ་མས་གར་སྟེགས་སུ་བཏང་བ་དང་། ཡིད་སེམས་གཡོ་བའི་གཞས་མཚམས་སུ་སྐྱོ་བ་སེམས་གཏིང་ནས་སྐྱེས་ཏེ་དེ་མ་ཉིད་དུ་པུས་མོ་ས་ལ་བཙུགས་པ་དང་སྦྲགས་གཞས་ལེན་ཞོར་དང་མཆི་མ་དབང་མེད་དུ་ཤོར། དུས་དེར་གར་སྟེགས་ཀྱི་གཤམ་དུའང་ངུ་མཁན་མང་པོ་བྱུང་། སེམས་འགུལ་ཐེབས་པར་བརྟེན་ནས་སྤེན་ནོར་གྱིས་འཚོང་གྲབས་བྱེད་པའི་ལག་གི་སྤྱིན་ཤོག་ཡོངས་མི་ཚོགས་ཁྲོད་གཏོར། དེས་ན་སྐར་ལི་གཅིག་ཀྱང་རག་མེད།

    《སྐྱོ་གདུང》ཞེས་པ་དེ་སྤེན་ནོར་གྱི་མི་རིགས་སྐད་ཡིག་ཚན་ཁག་གི་སློབ་ཆེན་སློབ་གྲོགས་ཤིག་གིས་གཞས་ཚིག་བརྩམས་ཤིང་། དེ་ཡང་སྐབས་དེར་སློབ་གྲོགས་དེའི་ལོ་མང་པོར་བརྩེ་དུང་གི་མདུད་རྒྱ་ཐེབས་པའི་སྙིང་སྡུག་བུ་མོས་གློ་བུར་དུ་འབྲེལ་ཐག་བཅད་ནས་ཕྱིན་པས་སྐྱོ་གདུང་གི་དབང་གིས་གཞས་ཚིག་འདི་བྲིས། དེས་ན། སློབ་གྲོགས་དེར་དྲན་གསོ་བྱེད་པའི་ཆེད། སྤེན་ནོར་གྱིས་གཞས་ཚིག་དེར་གཞས་གདངས་བརྩམས་པ་མ་ཟད། 《སྐྱོ་གདུང》ཞེས་མིང་བཏགས། དམིགས་བསལ་གྱི་ཆ་གཞན་གང་ཡང་མེད་ཀྱང་གཞིས་རྩེར་གཞས་ལེན་དུས་ངུ་དོན་ཐད་སྤེན་ནོར་རང་ཉིད་ཀྱིས་ཀྱང་རྟོགས་ཀྱི་མེད།

    ཕྱིར་འཁྲབ་སྟོན་བྱེད་པར་འགྲོ་རིང་། སྤེན་ནོར་གྱིས་གཞས་མང་པོ་བྲིས་ལ། ཕན་ཧ་ཅང་ཆེན་པོ་ཐོགས་ཡོད།

    སྤེན་ནོར་གྱི་བསམ་བློ་གཏོང་སྟངས་གསར་པ་དེ་གཙོ་བོ་པེ་ཅིང་ལ་སློབ་སྦྱོང་བྱེད་རིང་བྱུང་བ་ཞིག་ཡིན། པེ་ཅིང་ལ་རོལ་དབྱངས་སློབ་སྦྱོང་བྱེད་པའི་སྐབས་སྤེན་ནོར་ལ་དེ་དུས་སྐད་གྲགས་ལྡན་པའི་རོལ་དབྱངས་ཀུང་སི་ལུའོ་ལན་ཚུད་པའི་རེས་གཟའ་པ་སངས་ལ་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པའི་སློབ་ཚན་ཉན་རྒྱུ་བྱུང་བས་ཡིན།

    དེ་དུས་བོད་དུ་ལྟ་ཚུལ་མི་ཉུང་བ་ཞིག་རྗེས་ལུས་ཐེབས་ནས་དར་སོའི་གླུ་གཞས་ཐ་ཤལ་ཞིག་ཡིན་པར་ངོས་འཛིན་བྱེད་ལ། སྤེན་ནོར་གཞས་རའི་ནང་དར་སོའི་གཞས་ཡང་ཡང་གཏོང་བར་འགྲོ་བས་སློབ་གསོ་བྱ་ཡུལ་གཙོ་བོར་གྱུར་མོད། འོན་ཀྱང་དེ་དུས་ཁོང་པེ་ཅིང་ནས་ཡོང་བའི་ཁར་འགོ་ཁྲིད་ཀྱིས་མཐོང་ཆེན་པོ་བྱེད་སྟབས་སློབ་གསོ་གཏོང་རྒྱུ་དེ་ཕྱི་ཚུལ་ཙམ་ལ་ལུས། དེ་དུས་ཁོང་གིས་པེ་ཅིང་ལ་གཞས་གཏོང་སྟངས་འདི་ལྟར་ལ་དར་སོ་ཆེན་པོ་བྱེད་ཀྱང་། ལྷ་སར་བྱེད་མི་ཆོག་པ་ཅི་ཡིན་ཞེས་ཤོད་ཀྱི་ཡོད། ཀུན་གྱིས་རོལ་དབྱངས་གསར་པའི་རླབས་རྒྱུན་དང་ལེན་ཐུབ་ཆེད། སྤེན་ནོར་གྱིས་རྩོམ་བྲིས་ནས་གཞན་ལ་བོད་སྐད་དུ་བསྒྱུར་བཅུག་ཏེ་ཟླ་བ་འགའ་བསྟུད་མར་རླུང་འཕྲིན་བརྙན་འཕྲིན་ནས་ཡང་ཡང་བསྟན། 1997ལོའི་རྗེས་སུ་དར་སོ་ཆེ་བའི་གླུ་གཞས་དང་རོལ་དབྱངས་ཀྱི་རླབས་རྒྱུན་གསར་པར་གཞི་ནས་སྐྱེ་བོ་མང་པོའི་ཁས་ལེན་ཐོབ་ཡོད།

    1994ལོར་སྤེན་ནོར་གྱིས་རང་ཉིད་ཀྱི་ཀུང་སི་དང་པོ་སྟེ“འཕྲུལ་སྣང་ཁྱིམ་གཞིས”ཞེས་པ་བཙུགས་པས། (ད་ཆ་འཕྲུལ་སྣང་རོལ་ཆ་མཉམ་གཏོང་ཞེས་འབོད) མི་ཚེའི་ཤུལ་ལམ་ཁྲོད་ཁེ་སྤོགས་དང་པོ་རག་ལ་བོད་ཀྱི་གློག་རྡུལ་རོལ་དབྱངས་ལའང་གསོན་ཤུགས་གསར་པ་སྦྱིན། སྲོལ་རྒྱུན་རོལ་དབྱངས་ཀྱི་ལས་ཀ་བྱེད་སྟངས་ལ་འགྱུར་ལྡོག་གཏོང་ཆེད་སྤེན་ནོར་གྱི་འཇམ་བཤད་འོག བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་རོལ་དབྱངས་སྒྲིག་བཟོའི་འཕྲུལ་ཆས་ཐོག་མར་ཉོས་པས། བོད་ཧྲིལ་པོར་དེང་དུས་ཀྱི་རོལ་དབྱངས་སྒྲིག་བཟོའི་ཡོ་ཆས་ཡོད་པ་གཅིག་པུར་གྱུར། འོན་ཀྱང་གང་དེ་བཀོལ་སྤྱོད་ཤེས་མཁན་ནི་རྒན་བྱང་ཆུབ་ལགས་ཙམ་ཡིན་དུས་ཁོང་གིས་འཕྲུལ་འཁོར་སྤྱོད་པ་དང་སྤེན་ནོར་གྱིས་དབྱངས་རྟ་བྲིས་ནས་མི་སོ་སོས་འགན་རེ་བླངས། དེ་འདྲའི་ངང་སྤེན་ནོར་གྱིས་སྒྲ་རྟགས་ཤོད་པ་དང་འགྱུར་མེད་ཀྱིས་འཕྲུལ་འཁོར་ནང་བཅུག་ནས་བོད་ཀྱི་རོལ་དབྱངས་ལོ་རྒྱུས་ཀྱི་བརྙན་ཕབ་དང་མཚན་ཚོགས་སོགས་ཀྱི་རོལ་དབྱངས་དཔྱད་གཞི་བསྡུ་སྒྲིག་བྱས་ནས་ཐོག་མར་བཏོན་པས་ཁེ་བཟང་ཡང་མི་ཉུང་བ་བྱུང་ཡོད།

    ཁེ་བཟང་སྐོར་ཤོད་སྐབས། དུས་སྐབས་ཤིག་རིང་སྤེན་ནོར་གྱིས་ལས་ཀ་གཅིག་ལྕོགས་བྱེད་མྱོང་བ་སྟེ། དེ་དུས་སྤེན་ནོར་སྐད་གྲགས་ལྡན་པ་དྲག་ཆས་ཉེན་རྟོག་རིག་རྩལ་ལས་དོན་ཚོགས་པའི་ཆབ་སྲིད་ཨུ་ཡོན་གྱིས་ཤེས་ནས་རིག་རྩལ་ལས་དོན་ཚོགས་པའི་ནང་ལས་ཀ་གཅིག་ལྕོགས་བྱ་རྒྱུར་གདན་དྲངས་པ་དང་ཁོང་ལ་ཡིག་ཚགས་གཞན་ཞིག་བཟོ་རྒྱུ་བྱས་པ་མ་ཟད། ཐིག་གཅིག་སྐར་གསུམ་གྱི་དམག་གི་གོ་བབ་སྤྲོད་རྒྱུ་བྱས། ཡིན་ནའང་རྗེས་སུ་ཐེངས་ཤིག་དྲག་ཆས་ཉེན་རྟོག་རིག་རྩལ་ལས་དོན་ཚོགས་པའི་ནོར་སྲིད་ཁང་ནས་གཟབ་གཟབ་མ་བྱས་པར་ཁ་པར་གླུ་གར་ཚོགས་པའི་ཧྲུའུ་ཅིའི་སར་བརྒྱབ་ནས“བློ་མཐུན་སྤེན་ནོར་དྲག་ཆས་ཉེན་རྟོག་རིག་རྩལ་ཚོགས་པར་གླ་ཕོགས་ལེན་པར་ཡོང་རོགས་ཞེས་ཞུ་རོགས”ཞེས་བཤད། དེ་དུས་ཧྲུའུ་ཅིས་སྤེན་ནོར་སྐད་བཏང་ནས“གང་འདྲ་བྱས་པ་ཡིན་ནམ། ཁྱེད་དྲག་ཆས་ཉེན་རྟོག་རིག་རྩལ་ཚོགས་པར་གླ་ཕོགས་ལེན་པར་ཤོག་ཟེར་གྱི་འདུག”ཅེས་བཤད་སྟབས་སྤེན་ནོར་གྱིས་དྲག་ཆས་ཉེན་རྟོག་རིག་རྩལ་ཚོགས་པས་ནོར་བ་ཡིན་ངེས་རེད་ཅེས་ཁས་གཏན་ནས་བླངས་མེད་སྟབས་ལས་ཀ་གཅིག་ལྕོགས་བྱས་པའི་རྫུན་རྐུབ་བརྡོལ་མེད།

    402652_yis_1496809495272_s.jpg

    དུས་རྒྱུན་འཆམ་འཆམ་འགྲོ་བར་དགའ་བའི་སྤེན་ནོར་དཔུང་སྡེར་སྡོད་རིང་ཉིན་ལྟར་ཞོགས་སྔ་ལངས་མི་བྱེད་ཀ་མེད་ཐུག་གི་ཡོད། མཚམས་རེ་ལངས་མི་ཐུབ་པའི་སྐབས་མི་ཚོས“རྒན་སྤེན་ནོར་ལགས་གཞས་བྲིས་ནས་ཕྱི་པོ་བར་བཞུགས་པས་དེ་རིང་ཞོགས་པ་ཡོང་ཐུབ་མེད་པ་རེད”ཅེས་བཤད་ནས་རྟག་ཏུ་རོགས་པ་བྱེད་ཀྱི་ཡོད། ཡིན་ནའང་། རྗེས་སུ་དཔུང་སྡེའི་སྒྲིག་ལམ་ནན་པའི་དབང་གིས་ཁོང་གིས་དཔུང་སྡེ་ནས་ཁ་བྲལ་ཏེ་གླུ་གར་ཚོགས་པར་བློ་གཅིག་སེམས་གཅིག་ངང་ལས་ཀ་བྱས་ནས་བསྡད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།