[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • བཀྲ་ཤིས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-11

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་རྡལ་ནམ་མཁའ་གྲོང་ཚོའི་བཀྲ་ཤིས་ཀྱི་ཁྱིམ་དུ་སླེབས་དུས། ཆར་པ་སིམ་སིམ་འབབ་བཞིན་འདུག “སྔོན་ཆད་ང་ཚོའི་ཁང་པ་རི་འདབས་སུ་ཡོད་པ་དང་། ཆར་པ་འབབ་རིམ་བཞིན་སེམས་ཁྲལ་ཡོང་གི་ཡོད། ཁང་པའི་ནང་ཐིགས་པ་གཟེགས་རྒྱུའི་དུང་བན་ཆེ་ཆུང་མང་པོ་ཡོད་པས་ནམ་རྒྱུན་མིའི་རྐང་པར་མཁོན་ནས་འགྱེལ་གྱི་ཡོད་པ་མ་ཟད། ད་དུང་དྲག་ཆར་བབས་ཚེ་རི་ཉིལ་བར་ཡང་སེམས་ཁྲལ་བྱེད་དགོས། ད་ཆ་སེམས་ཁྲལ་དེ་འདྲ་བྱེད་དགོས་མེད”ཅེས་བཀྲ་ཤིས་ཀྱིས་དེ་ལྟར་ཤོད་ཞོར་དུ་གསར་འགོད་པར་ཇ་བསྲུབས་མ་བཀྱགས།

    བཀྲ་ཤིས་ནང་མི་དྲུག་པོ་སྔོན་ཆད་རྒྱ་ཆུང་ཞིང་ཉེན་ཁ་ཆེ་བའི་ཁང་པར་སྡོད་ནའང་། ད་ཆ་དཀར་ཆ་དོད་ལ་རྒྱ་ཁྱོན་སྨི་ངོས་གྲུ་200ཙམ་ཡོད་པའི་ཁང་བཟང་དུ་སྡོད་ཀྱི་ཡོད། ད་ཆའི་ཁང་པར་ས་ཡོམ་འགོག་ནུས་ཆེ་རུ་གཏོང་ཐབས་སྤྱད་ཡོད་ཅིང་། འོག་ཁང་ནི་མཛོད་ཁང་དང་སྟེང་ཐོག་ཏུ་ཉི་གཡབ་ཡོད་པ་དེ་གུ་ཡངས་ཤིང་དཀར་ཆ་ལྡན་པ་དང་། བརྙན་འཕྲིན་དང་སྒྲ་སྐྱེད་སོགས་ཁྱིམ་སྤྱོད་གློག་ཆས་གང་དགོས་ཡོད། སྒེའུ་ཁུང་འགྲམ་གྱི་ཉལ་ཁྲིར་ཁ་གདན་སྤུས་ལེགས་ཤིག་བཏིང་ཡོད་ལ། དཀྱིལ་དུ་བོད་ཅོག་གཉིས་བཞག་པའི་སྟེང་དུ་ཤིང་ཏོག་དང་ཁ་ཟས་མང་པོ་བཤམས་པ་སོགས་ལས། གང་སར་འབྱོར་འབྲིང་འཚོ་བའི་བདེ་སྐྱིད་ཀྱི་རྣམ་པས་ཁེངས་ནས་འདུག

    བཀྲ་ཤིས་ཀྱིས་གསར་འགོད་པར“ཁང་པ་འདི་ནི་རང་ཉིད་ཀྱིས་འགྲོ་སོང་བཏང་བ་ཕུད། གྲོང་གསེབ་ཀྱི་ཉེན་ཆེའི་ཁང་པ་སྒྱུར་བཀོད་ནས་སྒོར་ཁྲི་5རོགས་སྐྱོར་ཐོབ་བྱུང”ཞེས་བཤད། ཁོད་ཡངས་པའི་ས་ཆར་སྤོས་པས། ད་ལྟ་ཁྱིམ་དུ་བ་གླང་འགའ་ཡང་གསོས་ཡོད། གྲོང་ཚོའི་ཉེ་འགྲམ་དུ་ཨར་ལས་མི་ཉུང་བ་ཡོད་པས། ཞོར་ལས་ལས་པའི་གོ་སྐབས་ཀྱང་ཇེ་མང་དུ་སོང་ནས་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་ཞེས་བཤད་ཅིང་། བཀྲ་ཤིས་ཁྱིམ་གྱི་འགྱུར་ལྡོག་ནི་རང་ཁུལ་གྱི་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་ལས་ཕན་པ་ཐོབ་པའི་བསྡུས་རིས་ཤིག་རེད།

    གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཀྱི་ལས་ཀ་འགོ་ཚུགས་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ། ཞིང་འབྲོག་པའི་བདེ་སྡོད་ཁང་པར་ས་ཡོམ་འགོག་ནུས་ཆེ་རུ་གཏོང་ཐབས་ལག་ལེན་ཧུར་ཐག་བསྟར་ནས་མང་ཚོགས་ལ་ཕན་བདེ་གང་མང་བསྐྲུན་པ་མ་ཟད། ཞིང་འབྲོག་པ་ལས་ཀར་ཞུགས་པར་སྐུལ་ལྕག་བྱས་ཤིང་། ལག་རྩལ་མི་སྣ་གདན་དྲངས་ཏེ་གྲོང་མིར་གསོ་སྦྱོང་ཡང་བྱས་པ་རེད། ནམ་མཁའ་གྲོང་ཚོའི་གྲོང་མི་མང་པོས་ཨར་འདམ་སོ་ཕག་རྒྱག་པ་དང་ཁང་པའི་རྩིག་རྨང་འདིང་བ་སོགས་ཀྱི་ཨར་ལས་ནུས་རྩལ་ཁོང་དུ་ཆུད་པ་དང་། ཕྱུག་འགྱུར་གྱི་སྣེ་འཁྲིད་པ་ཁ་ཤས་ཀྱང་གསོ་སྐྱོང་ཐུབ་པས། གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར། མི་རྣམས་ཀྱང་སྔོན་མ་བཞིན་ཇ་ཁང་དུ་འཛུལ་ནས་མི་སྡོད་པར་ལས་ཀ་ཧུར་ཐག་ལས་ཏེ་དངུལ་གསོག་གི་ཡོད་པར་བརྟེན་གྲོང་མི་ཚོའི་འཚོ་བ་སྔར་ལས་ལེགས་པར་གྱུར།

    ད་ལྟ། བཀྲ་ཤིས་ཀྱིས་ཨར་ལས་རྩལ་ནུས་གསོ་སྦྱོང་ལ་ཞུགས་ནས་རང་ཁྱིམ་གྱི་ཉེ་འགྲམ་དུ་ལས་ཀ་ལས་པར། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བདུན་ལྷག་ཡོང་གི་ཡོད། ཆུང་མས་ཀྱང་ཨར་ལས་རུ་ཁག་ཏུ་ལས་མི་བྱས་ན་ཡོང་འབབ་ཁྲི་གསུམ་བཞི་ཙམ་ཡོད་པ་དང་། དེའི་སྟེང་ཁྱིམ་གྱི་འདེབས་འཛུགས་དང་གསོ་ཚགས་ཀྱི་ཡོང་སྒོ་བསྣན་ན་ལོ་གཅིག་ལ་ཡོང་འབབ་ཧ་ཅང་དགའ་འོས་པ་ཡོད།

    ད་ལྟ་སྟོད་ལུང་བདེ་ཆེན་ཆུས་ནི་སྔོན་ཆད་ཀྱི་ལྷིང་འཇགས་ཀྱི་རི་གྲོང་དང་མི་འདྲ་བར་འདུ་འཛི་ཆེ་ཞིང་འཁྲུག་ཆ་དོད་པས། དེ་ལས་བཀྲ་ཤིས་ཁྱིམ་ལ་ལོངས་སྤྱོད་ཆེ་བའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྱེལ་བའི་གོ་སྐབས་བཟང་པོ་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།