[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • སྒྱུ་རྩལ་ལམ་བུས་དུས་རབས་བསུས་། བདེ་སྐྱིད་གླུ་སྒྲས་མི་སེམས་འགུལ་།

    —— ཚེ་བརྟན་སྒྲོལ་མར་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི“ཚེ་གང་གྲུབ་འབྲས་ལྡན་པའི་རོལ་དབྱངས་སྒྱུ་རྩལ་མཁས་ཅན”གྱི་མཚན་སྙན་ཐོབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-05

    ཉེ་ཆར་ཀྲུང་གོ་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱིས་འདེམས་སྒྲུག་ཐེངས་གསུམ་བྱས་པ་བརྒྱུད་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱིས《ཚེ་བརྟན་སྒྲོལ་མ་དང་ཁྲེན་ཀང་ལ་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི“ཚེ་གང་གྲུབ་འབྲས་ལྡན་པའི་རོལ་དབྱངས་སྒྱུ་རྩལ་མཁས་ཅན”གྱི་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་མཆན་བཀོད་བཀའ་ལན》གནང་བ་རེད། དེ་བློ་མཐུན་ཚེ་བརྟན་སྒྲོལ་མའི་མཚན་སྙན་རེད་ལ་བོད་ཀྱི་སྒྱུ་རྩལ་ལས་རིགས་ཀྱི་གཟི་བརྗིད་ཀྱང་རེད།

    1937ལོར་བོད་ཀྱི་གཞིས་རྩེར་སྐྱེས་པའི་ཚེ་བརྟན་སྒྲོལ་མ་ནི་རང་རྒྱལ་གྱི་སྒྲ་གདངས་མཐོ་བའི་བུད་མེད་གཞས་མ་གྲགས་ཅན་ཞིག་རེད། སྒྲ་དབྱངས་སློབ་གསོ་མཁས་ཅན་དགེ་རྒན་ཆེ་མོ་བ་ཝང་ཕིང་སུའུ་དགེ་རྒན་ལ་བསྟེན་མྱོང་ཡོད། 1964ལོར་ལོ་རྒྱུས་མཚོན་པའི་སྙན་ངག་རོལ་དབྱངས་ཞབས་བྲོ་ཆེ་གྲས《ཤར་ཕྱོགས་དམར》ཞེས་པའི་འཁྲབ་སྟོན་ལ་ཞུགས་མྱོང་ཡོད།

    ཚེ་བརྟན་སྒྲོལ་མའི་སྒྱུ་རྩལ་གྱི་ལོ་རྒྱུས་ལམ་བུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཕེལ་རྒྱས་དང་ཡར་རྒྱས་བྱུང་བ་དང་ཧ་ལམ་གོམ་སྟབས་གཅིག་མཚུངས་རེད། བོད་ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་ལམ་ལུགས་རྙིང་པ་མེད་པར་བཟོས་ནས་སྤྱི་ཚོགས་གསར་པར་སྐྱོད་པའི་སྐབས་ཀྱི་གླུ་གཞས《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》དང《གླུ་ཞིག་བླངས་ནས་ཏང་ལ་འབུལ》 བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། མི་དམངས་ཀྱི་སྲིད་དབང་བཙུགས་པ། བོད་རིགས་མི་དམངས་རང་ཁྱིམ་རང་བདག་བྱུང་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་དོན་ལ་ཞུགས་པའི་སྐབས་ཀྱི་གླུ་གཞས《པེ་ཅིང་གསེར་གྱི་རི་ལ》དང《མའོ་ཀྲུའུ་ཞིའི་འོད་ཟེར》སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་བོད་ལྗོངས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་ནས་འཕེལ་རྒྱས་མྱུར་པོ་བྱུང་བའི་བར་དང་། ཏང་ཀྲུང་དབྱང་གིས“རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་དགོས་པའི”འབོད་སྐུལ་བྱས་པའི་འོག་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་ཅུ་ནས་འགོ་ཚུགས་པའི་བོད་ལྗོངས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་ཚ་རླབས་གསར་པ་ཞིག་སླར་ཡང་འཕྱུར། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་ནས་བོད་རིགས་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ཆེ་མོར་གླུ་དབྱངས་ལེན་པའི་སྐབས་ཀྱི་གླུ་གཞས《ཨ་མ་གཅིག་གི་བུ་མོ》སོགས་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་ལེན་པའི་གླུ་གཞས་ཀྱིས་སྐྱེད་མ་མེས་རྒྱལ་དང་མི་རིགས་ཁག་གི་སྤུན་ཟླར་བརྩེ་སེམས་ཟབ་མོ་བཅངས་པ་མཚོན་གྱི་ཡོད། ཚེ་བརྟན་སྒྲོལ་མའི་གླུ་སྒྲ་དུས་རབས་དང་གོམ་སྟབས་གཅིག་མཚུངས་ཡིན་ཞིང་། ཁོང་གི་གླུ་སྒྲ་ལས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། མེས་རྒྱལ་ཁྱིམ་ཚང་ཆེ་མོར་དྲོ་སྐྱིད་ཆེ་ཤོས་ལྡན་པ། བོད་རིགས་རྒྱ་རིགས་དང་དེ་བཞིན་སྤུན་ཟླའི་མི་རིགས་གཞན་ཁག་དང་ཁ་འབྲལ་ཐབས་མེད་པའི་ལྷད་མེད་བརྩེ་བ་བཅས་མཚོན་ལ་སྤྱི་ཚོགས་འཕེལ་རྒྱས་དང་། མི་དམངས་བདེ་སྡོད་ལས་བརྩོན། བདེ་སྐྱིད་ལྡན་པའི་འཚོ་བ་བཅས་ལ་འཆང་བའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྤྲོ་བའང་མཚོན་གྱི་ཡོད།

    ཚེ་བརྟན་སྒྲོལ་མའི་སྙན་ཞིང་འཇེབས་པའི་གླུ་སྒྲ་ལོ་དྲུག་ཅུ་ལྷག་ཙམ་རིང་མེས་རྒྱལ་གྱི་རོལ་དབྱངས་ལས་རིགས་སུ་རྒྱུན་མི་ཆད་པར་གྲགས་པ་དང་། ད་ལྟའང་སྒྱུ་རྩལ་གྱི་ལང་ཚོ་དང་གསོན་ཤུགས་སྔར་བཞིན་མི་ཉམས་པར་གནས་པ་ནི་ཁོང་གིས་ཏང་དང་། སྲིད་གཞུང་། མི་དམངས་མང་ཚོགས་བཅས་ཀྱི་བཀའ་དྲིན་ལྷག་བསམ་རྣམ་དག་ངང་འཇལ་བ་ཞིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།