[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • ཚེ་རིང་གཡང་འཛོམས།

    ཡར་འབྲོག་གཡུ་མཚོའི་ངོགས་ནས་འཕུར་བའི་བྱིའུ་ཆུང་འཇོལ་མོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

    469846_yis_1515390569153.jpg

    ཚེ་རིང་གཡང་འཛོམས་ངོ་ཤེས་ནས་ལོ་འགའ་འདས། དེ་སྔོན་སྨྱན་སྦྱོར་གྱི་གསར་འགོད་པར་གཡོལ་འགྲོ་རྩིས་བྱེད་རུང་། ད་ཆ་བཅར་འདྲི་དང་ལེན་བྱེད་སྐབས་གཏམ་ལྷུག་པོར་གླེང་ཐུབ་ཀྱི་ཡོད། དེས་ན། ཉེ་བའི་ལོ་ཤས་རིང་ཚེ་རིང་གཡང་འཛོམས་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག “དེ་ལྟ་བུའི་འགྱུར་ལྡོག་བྱུང་དོན་ནི་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་པས། ང་རང་ལ་ཅི་ཞིག་ཤོད་རྒྱུ་ཡོད་པ་མ་ཟད། ཤོད་སྐབས་ཁོན་ཁོན་ཐོགས་ཐོགས་མེད་པ་གང་ཞིག་གདེང་ཚོད་ཀྱང་ཡོད་པས་ཡིན། དེ་སྔོན་སྨྱན་སྦྱོར་ལ་གཡོལ་བ་དེ་ངོ་ཚ་བ་མིན་པར་གདེང་ཚོད་མེད་པས་རེད”ཅེས་ཚེ་རིང་གཡང་འཛོམས་ཀྱིས་དེ་ལྟར་བཤད།

    ན་གཞོན་གཞས་པའི་འགྲན་བསྡུར་ཆེ་མོར་སྐད་གྲགས་ཆོད་པ།

    ཧྲང་ཧའེ་རོལ་དབྱངས་སློབ་གླིང་ནས་ཐོན་པའི་ཚེ་རིང་གཡང་འཛོམས་བོད་དུ་མིང་གྲགས་ཅུང་ཙམ་ལྡན་མོད། འོན་ཀྱང་ངོ་ཚ་སྨིན་པའམ་རང་ཉིད་ཀྱིས་བཤད་པ་ལྟར་གདེང་ཚོད་མེད་པའི་དབང་གིས་དེ་སྔ་སྨྱན་སྦྱོར་ཐོག་ཁོང་གི་གནས་ཚུལ་འཁོད་པ་ཉུང་ཉུང་རེད། མ་གཞི་བོད་ཀྱི་མཚན་ཚོགས་ཆེ་ཆུང་སྣ་ཚོགས་ནས་ཁོང་མཐོང་རྒྱུ་ཡོད་མོད། འོན་ཀྱང་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ཚད་མཐོ་པོ་མེད།

    ཚེ་རིང་གཡང་འཛོམས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ན་གཞོན་གཞས་པའི་འགྲན་བསྡུར་ཆེ་མོར་ཞུགས་རྗེས་རྒྱལ་ཡོངས་སུ་སྐད་གྲགས་ཆོད། ཁོ་མོས་རང་ཉིད་ལ་ལྡན་པའི་བོད་རིགས་ཀྱི་ཁྱད་ཆོས་ཟབ་པའི་སྐད་གསང་མཐོན་པོར་བརྟེན་པས། སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ཀྱི་ན་གཞོན་གཞས་པའི་འགྲན་བསྡུར་ཆེ་མོར་མི་རིགས་གླུ་གཞས་གཏོང་སྟངས་ཀྱི་ཨང་བཞི་པ་ཐོབ་པ་དང་ཆབས་ཅིག ཐེངས་དེའི་འགྲན་བསྡུར་ཆེ་མོར་གཞས་པ་ལེགས་གྲས་བཅུའི་གྲས་སུ་ཚུད་པ་མ་ཟད། ན་གཞོན་གཞས་པའི་འགྲན་བསྡུར་གྱི་དམངས་ཚོགས་དཔྱད་འདེམས་ཚོགས་པས་ཁོ་མོར“ལྟད་མོ་བ་ཁྲི་སྟོང་མང་པོའི་སེམས་དབུས་ཀྱི་གཞས་མ་གྲགས་ཅན”ཞེས་བསྟོད་པའི་མེ་ཏོག་བཏོར།

    ན་གཞོན་གཞས་པའི་འགྲན་བསྡུར་རིང་གྲགས་ཅན་གཞས་མ་ཀྲང་ཡེས་ཚེ་རིང་གཡང་འཛོམས་ལ“བོད་ཀྱི་མཛེས་མ་ཚེ་རིང་གཡང་འཛོམས་ལགས། ཁྱེད་ཀྱི་སྐད་གདངས་སྙན་ཞིང་འཇེབས་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ལྡན། ཁྱེད་ཀྱི་ཐུན་མོང་མ་ཡིན་པའི་མགྲིན་པ་ལས་གླུ་གཞས་མི་འདྲ་བ་སྣ་ཚོགས་ལེན་ཐུབ། ཁྱེད་ཀྱི་སྐད་གདངས་ཀྱིས་ང་དང་རིགས་གཅིག་མཁས་ཅན་དཔྱད་འདེམས་ཨུ་ཡོན་ཁ་ཤས་ཀྱི་ཡིད་དབང་རྦད་དེ་ཕྲོགས་སོང་། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན”ཞེས་གདེང་འཇོག་བྱས་པ་རེད།

    བསླབ་པ་རྒན་པ་ཚོས་ཁས་ལེན་གནང་བའི་སྐོར་གླེང་སྐབས་ཚེ་རིང་གཡང་འཛོམས་ཀྱིས“ཁོང་ཚོའི་ཁས་ལེན་ཐོབ་པ་འདི་ང་རང་ལ་མཚོན་ན་གལ་ཧ་ཅང་ཆེ་བ་ཞིག་ཡིན། རྒྱུ་མཚན་ནི་འགྲན་བསྡུར་དེར་ཞུགས་དོན་ཡང་རང་ཉིད་སྦྱོང་བརྡར་བྱེད་ཆེད་ཡིན་པ་ལས་བྱ་དགའ་དང་སྙན་གྲགས་སོགས་ཐོབ་ཆེད་མིན”ཞེས་བརྗོད་བཞིན་འདུག

    ན་གཞོན་གཞས་པའི་འགྲན་བསྡུར་སྐོར་གླེང་སྐབས། ཚེ་རིང་གཡང་འཛོམས་ཀྱིས་རང་ཉིད་ལ་རླུང་རྟ་ཡག་པོ་རྒྱུག་སོང་། མཉམ་དུ་འགྲན་བསྡུར་ནང་ཞུགས་མཁན་གཞས་པ་གཞས་མ་ཚང་མ་ཡང་ཕུལ་དུ་བྱུང་བ་ཤ་སྟག་རེད། དེ་དག་ལས་མི་མང་པོ་ཞིག་ད་དུང་རྒྱལ་ཁབ་རིམ་པ་དང་པོའི་གླུ་གཞས་གཏོང་མཁན་རེད། དངོས་གཞིའི་ཆེད་ལས་འགྲན་བསྡུར་འདི་ལྟ་བུར་ཐེངས་དང་པོར་ཞུགས་པར་འབྲས་བུ་མི་དམན་པ་ཐོབ་པ་ནི་ངའི་བསམ་ཡུལ་ལས་འདས་པ་ཞིག་ཡིན། གཞས་པ་གཞས་མ་མང་པོ་ཞིག་སྐབས་མང་པོའི་འགྲན་བསྡུར་ལ་ཞུགས་མཐར་གཞི་ནས་བྱ་དགའ་ཐོབ་པར་བསམ་ན་ང་ལ་དངོས་གནས་རླུང་རྟ་ཡག་པོ་རྒྱུག་འདུག་ཅེས་བརྗོད་བྱུང་།

    469844_yis_1515390563615.jpg

    གཞི་རིམ་དུ་འཁྲབ་སྟོན་ལ་བསྐྱོད་པས་འཇོན་ཐང་ཆེ་རུ་ཕྱིན་པ།

    ཚེ་རིང་གཡང་འཛོམས་ནི་འཁྲབ་སྟོན་བྱེད་ཐེངས་གཅིག་ལ་སྐད་གྲགས་ཆོད་པ་ཞིག་མིན་པར་ན་གཞོན་གཞས་པའི་འགྲན་བསྡུར་ནང་མ་ཞུགས་གོང་ཁོང་གིས་་བོད་དུ་ལོ་བརྒྱད་ཧྲིལ་པོ་དཀའ་ལས་བརྒྱབ་པ་མ་ཟད། ད་དུང་ལོ་ལྟར་གཞི་རིམ་དུ་འཁྲབ་སྟོན་བྱེད་པར་ཐེངས་བཅུ་གྲངས་སྐྱོད་ཀྱི་ཡོད། འཁྲབ་སྟོན་དེ་དག་མང་ཆེ་བ་ཐག་རིང་གི་རི་གྲོང་དང་འབྲོག་རར་བྱེད་དགོས་ཀྱི་ཡོད། ཚེ་རིང་གཡང་འཛོམས་ཀྱིས“ང་ལ་གྲུབ་འབྲས་དེ་འདྲ་ཞིག་ཐོབ་པ་ནི་ལོ་ལྟར་གཞི་རིམ་དུ་འཁྲབ་སྟོན་བྱེད་དུ་བསྐྱོད་པ་ལས་བྱུང་བ་ཞིག་ཡིན། གཞི་རིམ་དུ་འཁྲབ་སྟོན་བྱེད་སྐབས་སྔོན་དུ་སྒྲ་ཕབ་འཇུག་བྱེད་རྒྱུ་་མེད་ལ། བཀྲག་མདངས་ཆེ་བའི་གློག་འོད་དང་ཆེད་མངགས་སྒྲིག་བཟོ་བྱས་པའི་གར་སྟེགས་མེད། སྐབས་དེར་འཇོན་ཐང་ངོ་མ་སྟོན་དགོས་ཀྱི་ཡོད། ངའི་འཁྲབ་སྟོན་ཉམས་མྱོང་དག་ནི་རྒྱབ་ལྗོངས་དེ་འདྲའི་འོག་བསགས་པ་ཡིན། དེར་བརྟེན། ད་ཆ་གར་སྟེགས་འོག་ཏུ་མི་མང་པོ་ག་ཚོད་ཡོད་རུང་སྐྲག་སྣང་སྐྱེ་གི་མི་འདུག”ཅེས་བཤད།

    ཚེ་རིང་གཡང་འཛོམས་ན་གཞོན་གཞས་པའི་འགྲན་བསྡུར་ལ་ཞུགས་ནས་ལྷ་སར་འབྱོར་སྐབས་ཕ་ཡུལ་གྱི་འོང་སྐོར་དང་ཏག་ཏག་འཁེལ་ཞིང་། ཕ་ཡུལ་གཅིག་པ་བ་ཚོས་ཁོང་དུས་ཆེན་རིང་འཁྲབ་སྟོན་བྱེད་པར་གདན་དྲངས། གདན་ཞུའི་ཡི་གེ་འབྱོར་སྐབས་ཚེ་རིང་གཡང་འཛོམས་ལ་དགའ་བ་དཔག་མེད་བྱུང་། “རང་ཉིད་ཕ་ཡུལ་ལ་ཤིན་ཏུ་དགའ་པོ་ཡོད། འགྲན་བསྡུར་བྱས་རྗེས་གཞན་གྱི་མིག་ནང་ང་ནི་སྐད་གྲགས་ཅུང་ཆེ་བའི་གཞས་མ་ཞིག་ཡིན། འོན་ཏེ་ཕ་ཡུལ་གྱི་ཡུལ་མི་ཚོར་འཁྲབ་སྟོན་བྱ་རྒྱུ་བྱུང་བ་ནི་ངའི་གཟི་བརྗིད་ཆེ་ཤོས་ཤིག་ཡིན། གདན་ཞུའི་ཡི་གེ་འབྱོར་སྐབས་ང་ལ་བྱ་དགའ་ཆེན་པོ་ཐོབ་པ་ལྟ་བུའི་ཚོར་སྣང་ཞིག་བྱུང”ཞེས་ཚེ་རིང་གཡང་འཛོམས་ཀྱིས་ཤོད་ཀྱི་འདུག

    ཕ་ཡུལ་དུ་ལོག་ནས་འཁྲབ་སྟོན་བྱེད་སྐབས་ཚེ་རིང་གཡང་འཛོམས་ཀྱིས་འཁྲབ་ཆས་སྤྲས་ཏེ་གར་སྟེགས་ཀྱི་དབུས་སུ་ལངས་ནས་གླུ་དབྱངས་བླངས། དེ་ཉིན་འཁྲབ་སྟོན་ལེ་ཚན་སྔོན་ནས་གཏན་འཁེལ་བྱས་མེད་ཅིང་། གར་སྟེགས་འོག་གི་ཡུལ་མི་ཚོས་གླུ་གཞས་གང་ཞིག་གཏོང་རྒྱུའི་རེ་བ་བཏོན་པ་དེ་བསྒྲུབས་ཤིང་། དེས་ན། ཁོ་མོས་གཏོང་ཐེངས་གཅིག་ལ་གླུ་གཞས་མི་འདྲ་བ་བཅུ་གྲངས་རྒྱུན་མི་ཆད་པར་བཏང་།

    469845_yis_1515390567063.jpg

    བོད་ལ་བསྡད་ནས་དྲིན་ལན་འཇལ་རྒྱུ་ཡིན་པ།

    ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ན་གཞོན་གཞས་པའི་འགྲན་བསྡུར་གྱི་གར་སྟེགས་ནི་གར་སྟེགས་ཆེ་མོ་ཞིག་ཡིན་པ་དང་། ཆེད་ལས་རིག་རྩལ་ཚོགས་པ་མང་པོ་ཞིག་གིས་ན་གཞོན་གཞས་པའི་འགྲན་བསྡུར་་ལས་གཞས་པ་གཞས་མ་འདེམས་ཀྱི་ཡོད། ཚེ་རིང་གཡང་འཛོམས་ལ་བྱ་དགའ་ཐོབ་པར་བརྟེན། ཁོ་མོར་གོ་སྐབས་མང་པོ་ཕྲད་ནས་ནང་སའི་ཀུང་སི་དང་རིག་རྩལ་ཚོགས་པ་མང་པོ་ཞིག་གིས་ཁོང་གདན་དྲངས་མོད། འོན་ཀྱང་ཁོང་གིས་བསྐྱོད་མེད། “ད་ཐེངས་ཀྱི་འགྲན་བསྡུར་ནང་ང་ལ་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་མ་ཟད། གོ་སྐབས་ཀྱང་མང་པོ་ཐོབ་བྱུང་། ཚན་པ་ལ་ལའི་ཆ་རྐྱེན་བཟང་པོ་ཡོད་པ་དང་། ལ་ལས་ངའི་བཟའ་ཟླའི་ལས་ཀ་དང་ཕྲུ་གུའི་སློབ་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུའི་ཆ་རྐྱེན་བཏོན་མཁན་ཡང་འདུག འོན་ཀྱང་ངས་མོས་མཐུན་བྱས་མེད། བོད་ནི་ངའི་ཕ་ཡུལ་ཡིན་པས་ཁ་བྲལ་ཐབས་མེད། ང་ནི་བོད་ཀྱི་གཞས་མ་ཞིག་ཡིན་པས་སྐད་གྲགས་ག་ཚོད་ཆོད་ཀྱང་། ང་ནི་བོད་ཀྱི་ཕྲུ་གུ་ཡིན། ང་ནི་བོད་ནས་ཡོང་བ་ཞིག་ཡིན་པ་དང་། བོད་ཀྱི་རི་ཆུས་ང་བསྐྱངས་པས་ངས་གླུ་གཞས་བཏང་སྟེ་ཕ་ཡུལ་ལ་དྲིན་ལན་འཇལ་རྒྱུ་དང་བོད་ཀྱི་རིག་གནས་ལ་ལེགས་སྐྱེས་ཕྲན་བུ་ཕུལ་རྒྱུ་མ་ཟད། བོད་ནས་འབྲལ་གྱི་མིན”ཞེས་ཚེ་རིང་གཡང་འཛོམས་ཀྱིས་མྱོང་ཚོར་ཟབ་མོས་བརྗོད།

    2013ལོར་རང་ཉིད་ཀྱི་གླུ་གཞས་ཆུ་ཚད་མཐོ་རུ་གཏོང་ཆེད། ཚེ་རིང་གཡང་འཛོམས་ཀྱིས་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ཞིབ་འཇུག་སློབ་མར་རྒྱུགས་བཏང་། མི་མང་པོ་ཞིག་གིས་རྒྱལ་ནང་དུ་ཞིབ་འཇུག་སློབ་མའི་རྒྱུགས་མི་བཏང་བར་བོད་དུ་བསྡད་དོན་གང་ཡིན་ནམ་ཞེས་འདྲི་སྐབས། ཁོང་གིས“ང་བོད་རིགས་ཤིག་ཡིན་པས་བོད་ཀྱི་རོལ་དབྱངས་ལ་ཞིབ་འཇུག་བྱེད་འདོད་ཆེན་པོ་ཡོད། ངས་བོད་ཀྱི་གླུ་གཞས་ཡག་པོ་གཏོང་རྒྱུ་ཡིན། དེ་གར་བོད་ཀྱི་རིག་གནས་ཡོད། འོན་ཀྱང་ང་རོལ་དབྱངས་གཞན་ལ་ཡང་དགའ་པོ་ཡོད། ངས་བལྟས་ན། ཕྱི་རྒྱལ་གྱི་རོལ་དབྱངས་ཀྱི་ཁྱད་ཆོས་དང་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་མཉམ་དུ་བསྲེས་ཆོག་གི་འདུག་ལ། མི་རིགས་ཀྱི་ཕུལ་བྱུང་རོལ་དབྱངས་ཀྱི་གཞི་རྒྱུ་ཡང་བོད་ཀྱི་རོལ་དབྱངས་ཁྲོད་མཉམ་དུ་བསྲེས་ཆོག་གི་འདུག”ཅེས་བཤད།

    ཡར་འབྲོག་གཡུ་མཚོའི་ངོགས་ཀྱི་གཉེན་ཉེའི་བརྩེ་བ།

    ཚེ་རིང་གཡང་འཛོམས་ཀྱི་ཕ་ཡུལ་ལྷོ་ཁའི་ཡར་འབྲོག་གཡུ་མཚོའི་འགྲམ་ན་ཡོད། དེ་ནི་ཡུལ་ལྗོངས་ལྟ་ན་སྡུག་པའི་ས་ཆ་ཞིག་ལགས། ཁོང་ཆུང་དུས་ཁྱིམ་གྱི་འཁོས་ཀ་དེ་ཙམ་ཡག་པོ་མེད་པའི་ཁར་གཅེན་གཅུང་མང་པོ་ཡོད་པས། གཅེན་མོ་འབྲིང་བ་ལོ་19ནས་ཁྱིམ་ནས་བྲལ་ཏེ་ཕྱིར་ལས་མིར་ཕྱིན།

    “དེ་དུས་སློབ་གྲྭ་འགྲིམ་སྐབས་སློབ་ཡོན་སྤྲོད་དགོས་མེད་ཀྱང་། གཅེན་མོར་ཡོང་སྒོ་ཕྲན་བུ་ལས་མེད་པས། དེས་ངེད་གཉིས་ཀྱི་ལྟོ་གོས་འཕྱིད་ཙམ་ལས་མེད། འོན་ཀྱང་ཁོང་གིས་ང་འཁྲིས་སུ་ཉར་ནས་སློབ་གྲྭར་བཏང་བ་རེད། ང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་ལ་ཚུད་པའི་སྐབས། སློབ་ཡོན་སྒོར་ཁྲི་གཅིག་ཙམ་སྤྲོད་དགོས་པས། ཁྱིམ་ལ་འདི་འདྲ་སྤྲོད་ཐབས་བྲལ་བའི་དུས། གཅེན་མོས་སྤུན་མཆེད་སར་དངུལ་གཡར་བར་ཕྱིན་ཞིང་། ཐ་ན་སྒོར་100དང་200རེ་གཡར་རྒྱུ་ལས་མ་བྱུང་རུང་གཡར་ནས་གསོག་ཐབས་བྱས། དེ་དུས་གཅེན་མོས་དངུལ་གཡར་བའི་ཐོ་བྲིས་ཏེ་དེབ་གཅིག་ཆགས་ཡོད”ཅེས་ཚེ་རིང་གཡང་འཛོམས་ཀྱིས་གཅེན་མོའི་སྐོར་གླེང་སྐབས་ངོ་སྤྲོད་འདི་ཙམ་ལས་མ་བྱས་ཀྱང་ཁོང་གི་མིག་ལ་མཆི་ཞག་འཁོར་བ་དང་མགྲིན་པ་བརྣངས་ནས་ལུས་པ་ལས་གཅེན་མོར་བཅངས་བའི་བརྩེ་བ་ཟབ་མོ་ངང་གིས་མངོན།

    “གཅེན་མོར་བཀའ་དྲིན་གསོ་དགོས་སྙམ་ན་ཁོང་ཚུར་བསུས་ནས་མཉམ་དུ་འཚོ་བ་མི་སྐྱེལ་བ་ཅི་ཡིན”ཞེས་དྲིས་པས། ཚེ་རིང་གཡང་འཛོམས་ཀྱིས“ངས་དེ་གོང‘ད་ཆ་ངར་གཞས་བཏང་ནས་ཡོང་སྒོ་ཡོད་པས་ཁྱེད་དང་ཁྱེད་ཀྱི་བཟའ་ཟླ་གསོ་མི་ཐུབ་པ་མེད་སྟབས་ཚུར་སྤོས་ནས་མཉམ་དུ་འཚོ་བ་སྐྱེལ་ན་ཅི་མ་རུང’ཞེས་གཅེན་མོར་བཤད་པ་ཡིན། འོན་ཀྱང་གཅེན་མོས་འཚོ་བ་ཕ་ཡུལ་དུ་སྐྱེལ་རྒྱུར་གོམས་པས་ཚུར་ཡོང་ཚེ། གོམས་པ་མི་འདུག་ཅེས་བཤད་བྱུང་བས་ཨུ་ཚུགས་བྱས་མེད། ད་རེས་སྔར་རྒྱུན་བཞིན་ཕྱིར་ལོག་ནས་ཁྱིམ་མི་དང་མཉམ་དུ་དུས་ཆེན་གཏོང་བར་འགྲོ་རྒྱུ་ཡིན། ཁྱེད་ཀྱིས་ལྟོས་དང་། སྣུམ་བག་དང་ཕྱུར་བ་དག་ཁྱིམ་ནས་བསྐུར་ཡོང་བ་རེད། འདི་དག་གི་བྲོ་བ་ཁྲོམ་ནས་ཉོས་པ་དག་དང་མི་འདྲ། གང་ལགས་ཤེ་ན། དེ་དག་བྲོ་བ་ཞིམ་པའི་ཁར་ཁྱིམ་མིའི་བརྩེ་བ་འཆང་ལུགས་ཤིག་མཚོན་གྱི་ཡོད”ཅེས་ཁོང་གིས་ཡར་འབྲོག་གཡུ་མཚོའི་འགྲམ་དུ་ཡོད་པའི་ཁྱིམ་མིའི་སྐོར་གླེང་སྐབས་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་ཤིག་མངོན་བཞིན་དུ་བཤད།

    མི་རིགས་རིག་གནས་ཆེད་བྱ་བ་སྒྲུབ་པའི་འགན་འཁྲི་ཡོད།

    2016ལོར་ཚེ་རིང་གཡང་འཛོམས་ལ་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ནས་ཞིབ་འཇུག་སློབ་མའི་སློབ་གནས་རག

    “ཞིབ་འཇུག་སློབ་མར་རྒྱུགས་གཏོང་བ་ནི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རྡོ་རྗེ་ཚེ་རིང་གིས་བཏོན་པའི་གྲོས་འགོ་ཡིན། ཁོང་རྒྱལ་སྤྱིའི་གར་སྟེགས་ཐོག་ལོ་མང་འབད་འཐབ་བྱེད་མྱོང་བས་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་གཞས་པ་ཞིག་གི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད། ཁོང་གིས་ང་གཅིག་པུ་ཙམ་མིན་པར་ཧྲང་ཧའེ་རོལ་དབྱངས་སློབ་གླིང་ནས་ཐོན་པའི་སློབ་མ་ཚང་མས་རང་ཉིད་ཀྱི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བའི་གོ་སྐབས་ཐོབ་རེ་བྱེད་ཀྱི་ཡོད” “ཞིབ་འཇུག་སློབ་མར་རྒྱུགས་སྤྲད་པ་དེས་གླུ་གཞས་ལེན་པའི་ཐད་ཕན་ཐོགས་འདུག་ལ་ཤེས་བྱ་ཕུན་སུམ་ཚོགས་སུ་འགྲོ་བ་དང་སྦྲགས་ཕྱོགས་མང་པོའི་ཐད་ཚད་མི་འདྲ་བའི་ངང་གོང་མཐོར་ཕྱིན་སོང་། དེ་ནི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཕྱིན་པ་ཞིག་རེད། ཁྱེད་རང་གིས་བཤད་པ་ལྟར་དེ་སྔ་ང་མི་གཞན་དང་སྐད་ཆ་ཤོད་རྒྱུར་དགའ་པོ་མེད། ད་ཆ་རང་གིས་རང་ལ་ཡིད་ཆེས་ཆེན་པོ་ཡོད”ཅེས་ཚེ་རིང་གཡང་འཛོམས་ཀྱིས་རང་ཉིད་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་པའི་སྐོར་གླེང་སྐབས་དེ་ལྟར་བཤད།

    བོད་ལྗོངས་སློབ་ཆེན་དུ་ཞིབ་འཇུག་སློབ་མའི་སློབ་གནས་ལེན་རིང་། ཚེ་རིང་གཡང་འཛོམས་ཀྱིས་གར་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་། ལྷ་སའི་སྟོད་གཞས་དང་སྒྲ་སྙན་དཀྲོལ་གཏོང་གི་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་རྒན་བཀྲ་ཤིས་ཚེ་རིང་ངོ་ཤེས། “རྒན་ལགས་ཀྱིས་ངའི་སྐད་གདངས་ཧ་ཅང་ཡག་པོ་འདུག་པས། གར་དང་སྟོད་གཞས་སོགས་བཏང་ན་འཚམ་པོ་འདུག དེང་གི་ཆར་རིག་གནས་མང་པོ་ཞིག་ཚང་མས་མཉམ་དུ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས་འདུག་ཅེས་གསུངས་བྱུང”ཞེས་ཚེ་རིང་གཡང་འཛོམས་ཀྱིས་བཤད་པ་དང་ཡང་ཁོང་གིས“རྒན་ལགས་དགུང་ལོ་བགྲེས་པོ་དེ་ལྟ་བུ་ཡིན་ནའང་ད་དུང་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཆེད་སྐུ་ངལ་ཚད་མེད་བསྐྱོན་གྱི་འདུག་པས། ངའི་བསམ་པར་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་གཏོང་རྒྱུ་ནི་བོད་ཀྱི་དུས་རབས་གསར་པའི་གཞས་མ་ཞིག་ཡིན་པའི་ངའི་འོས་འགན་དང་འགན་འཁྲི་ཞིག་རེད་སྙམ་གྱི་འདུག གོམ་སྟབས་རྗེས་མར་ངས་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱི་མཛུབ་ཁྲིད་འོག་གར་དང་། ནང་མ། སྟོད་གཞས་ཀྱི་ཆེད་སྒྲིག་གཙང་མ་ཞིག་བཏོན་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་དྲིལ་བསྒྲགས་དང་དར་སྤེལ་བཏང་སྟེ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་དག་ཟིན་ཐོར་བཀོད་ནས་དར་ཁྱབ་ཡོང་བ་བྱེད་རྩིས་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།