[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • ཏིག་ཧྲུག་བཅུད་ལ་ཕྱོགས་བཞིའི་སྐུ་མགྲོན་འཁོར། ཏིག་ཧྲུག་ཨ་མ་ཕྱུག་འགྱུར་དཔེ་སྟོན་ཆགས།

    མལ་གྲོ་གུང་དཀར་རྫོང་གི“ཏིག་ཧྲུག་ཨ་མ”རིན་ཆེན་བཟང་མོའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-07

    དབྱར་དུས་ཀྱི་ཞོགས་པའི་ཉི་འོད་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་དུ་འཕྲོས། ས་བབ་མཐོ་བའི་རུ་ཐོག་ཤང་གི་མང་ཚོགས་ཚོ་དེ་སྔོན་འབྲོག་སར་འཚོ་བ་བསྐྱལ་ཏེ་གཏན་འཁེལ་གྱི་སྡོད་གནས་ཤིག་མེད། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་དང་སྦྲགས་ཏེ་རུ་ཐོག་བས་འབྲི་གཡག་གསོ་ཚགས་དང་འབྲོག་ལས་ཐོན་རྫས་ལས་སྣོན་བྱ་རྒྱུ་དེ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ལ་བརྩི་ཡི་ཡོད།

    ལྷ་ས་ནས་ཉིང་ཁྲིའི་ཕྱོགས་སུ་སྐྱོད་སྐབས་རུ་ཐོག་ཆུ་ཚན་འགྲམ་གྱི“གངས་ཅན་རུ་ཐོག་ཨ་མའི་ཟ་ཁང”ཧ་ཅང་མངོན་གསལ་དོད་པོ་ཡོད། སྦྱིན་བདག་རིན་ཆེན་བཟང་མོ་ནི་བུད་མེད་དར་མ་ཞིག་ཡིན་པ་དང་ཟ་ཁང་དེ་ཁོང་གིས་གཉེར་སྐྱོང་བྱས་པ་ཞིག་རེད། ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱིས་ལོ་གཅིག་རིང་དཀའ་སྤྱད་འབད་བརྩོན་བྱས་ཀྱང་ཡོང་འབབ་དེ་ཙམ་མང་པོ་རག་གི་མེད་པ་མཐོང་རྗེས་ལོ་20ཡི་གོང་རིན་ཆེན་བཟང་མོས་ཕྱུག་འགྱུར་གྱི་ལམ་བུ་ཞིག་འཚོལ་རྒྱུའི་སེམས་ཐག་བཅད།

    རྟོག་ཞིབ་བྱས་པ་བརྒྱུད། རིན་ཆེན་བཟང་མོས“ཏིག་ཧྲུག”ལ་མི་མང་པོས་དགའ་པོ་བྱེད་པ་ཤེས་རྗེས་1998ལོར་ཁོང་གིས་སྒོར་ཁྲི་1ལྷག་ཙམ་བཏོན་ཏེ“ཏིག་ཧྲུག”ཟ་ཁང་ཞིག་འཛུགས་རྒྱུའི་སེམས་ཐག་བཅད་པ་དང་དུས་མཚུངས་ཇ་མངར་མོ་དང་། བོད་ཐུག རང་ཉིད་ཀྱིས་བཟོས་པའི་སུར་པན་སོགས་མཉམ་དུ་འཚོང་གི་ཡོད།

    གསར་འགོད་པ་དང་བཅས་པ་ཟ་ཁང་ནང་འཛུལ་མ་ཐག་རིན་ཆེན་བཟང་མོས་ཤ་ཁུ་གདུས་པ་མཐོང་། ཤ་ཁུ་གདུས་སྟངས་སྐོར་སྐད་ཆ་འདྲི་སྐབས་རིན་ཆེན་བཟང་མོས“ཚགས་ཤ་སོས་པ་ཡིན་པས་ཆུང་ཆུང་བཟོས་ནས་གདུས་ཏེ་ཕིང་བླུགས་ནས་ཤ་སྨན་བརྒྱབ་ན་འགྲིག”ཅེས་བཤད། ང་ཚོ་གདན་ཐོག་ཏུ་བསྡད་ནས་ཡུན་རིང་མ་སོང་བར་ཏིག་ཧྲུག་རླངས་པ་ཚུབ་ཚུབ་ཅིག་འཁྱེར་ཡོང་སོང་། ཤ་ཁུའི་བཅུད་ཆེ་བ་མ་ཟད། ཤའང་མཉེན་པས་སུར་པན་བརྒྱབ་ནས་ཟ་སྐབས་ཧ་ཅང་ཞིམ་པོ་འདུག ཁོང་ཁྱིམ་གྱི་ཏིག་ཧྲུག་བྲོ་བ་ཞིམ་པ་དང་། ཤ་ཁུའང་བཅུད་ཆེ་བ། རང་ཉིད་སོ་སོས་བཏོད་པའི་ས་མཐོའི་འབྲི་ཞོའི་སྤུས་རྟགས་བཅས་ལས་མི་རྣམས་དེར་ཡོང་འདོད་ཆེན་པོ་བྱེད་ཀྱི་ཡོད། “ང་ཚོའི་ཞོ་ནས་མར་བཏོན་མེད་པས་ཧ་ཅང་ཞིམ་པོ་ཡོད”ཅེས་ཁོང་གིས་བཤད།

    རིན་ཆེན་བཟང་མོའི་འཚོ་བ་ལེཌ་སུ་ཕྱིན་ནས་2010ལོར་ཁོང་གིས་འབྲོག་ལས་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ཞོ་དང་། ཕྱུར་བ། མར་སོཌ་ལས་སྣོན་བྱས་ནས་སྤུས་རྟཌ་བཏོད་པ་མ་ཟད། ལྷ་སར་སྐད་གྲཌ་ཆོད་ཡོད། ད་ཆ་རིན་ཆེན་བཟང་མོ་ས་གནས་འདི་གའི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་བ་དང་ཐོག་མའི་མ་དངུལ་སྒོར་ཁྲི་1ནས་ད་ཆ་སྒོར་ཁྲི་100ཡོད་པར་གྱུར་ཅིང་། ལོ་20ཡི་གོང་གི་ཟ་ཁང་ཆུང་ཆུང་འདི་ནས་ད་ཆ་ཐོག་སོ་གཉིས་ལྡན་གྱི་ཟ་ཁང་ཞིག་ལ་གྱུར་བ་མ་ཟད། ཁྱིམ་ཚང་མགྲོན་ཁང་ཡང་ཡོད་པ་རེད། “ཡུལ་སྐོར་བ་མང་བའི་དུས་སུ་ཟ་ཁང་ཁོ་ན་ནས་ཉིན་རེར་ཡོང་འབབ་སྒོར་སུམ་སྟོང་བཞི་སྟོང་རག་གི་འདུག”ཅེས་རིན་ཆེན་བཟང་མོས་བཤད།

    ཕྱུག་པོ་ཆགས་ཀྱང་ཕ་ཡུལ་གྱི་མང་ཚོགས་མ་བརྗེད་པར་ཉེ་བའི་ལོ་ཤས་རིང་། རིན་ཆེན་བཟང་མོས་རང་འགུལ་ངང་དཀའ་ངལ་ཡོད་པའི་མང་ཚོགས་20ལྷག་ཙམ་རང་ཉིད་ཀྱི་མཉམ་ལས་ཁང་དང་ཟ་ཁང་དུ་ལས་ཀར་བཅུག་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2ཟིན་གྱི་ཡོད་པ་རེད། ཁོང་གིས་རྒྱུན་དུ་གྲོང་གསེབ་ཀྱི་སློབ་གྲྭ་དང་དུད་ཚང་དབུལ་པོར་བསྐྱོད་ནས་འཚམས་འདྲི་བྱས་ཏེ་ཆ་སྙོམས་ལོར་ཞལ་འདེབས་སྒོར་ཁྲི་1བརྒྱབ་ཡོད། དུས་མཚུངས་ཁོང་གིས་ད་དུང་དབང་སྐྱོན་ལ་རོགས་རམ་དང་། སྤྱི་པའི་ཞབས་ཞུ། དང་བླངས་ཞབས་ཞུ་སོགས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོར་ཞུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་དར་སྲོལ་གྱི་སྣེ་ཁྲིད་པ་བརྩོན་ལེན་བྱས་པ་དང་། སྔ་རྗེས་སུ་ཁོང་ལ་རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་མཛེས་ཤོས”དང་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི“གསུམ་བརྒྱད་དར་དམར་བ”ཡི་མཚན་སྙན་རག་པ་དང་ཁོང་གི་ཁྱིམ་ཚང་ཡང“རང་སྐྱོང་ལྗོངས་ཀྱི་ཡ་རབས་ཁྱིམ་ཚང”ལ་བདམས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།