[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • མི་འགྱུར་དད་སེམས་བརྟན་པོ་སེམས་ལ་འཆང་། དམངས་ཕན་ཉེན་རྟོག་བྱ་གཞག་རྒྱུན་འཛིན་བྱས།

    ​དཀོན་མཆོག་གཡང་འཛོམས་དང་ཁོང་གི་ཉེན་རྟོག་པའི་ཁྱིམ་ཚང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-07

    རི་བོ་ཆེར“པཱ་ཆུང་བདག་ལགས”ཀྱི་སྐོར་གླེང་སྐབས་ཁོང་གི་དཀའ་སྤྱད་གཞུང་དྲང་ལ་བསྔགས་བརྗོད་མི་བྱེད་མཁན་མེད་ལ། ཁོང་གི་ཚུལ་མཐུན་སྤྱོད་པ་ལ་བསྔགས་བརྗོད་མི་བྱེད་མཁན་ཡང་མེད། གཞུང་དྲང་བབ་ཆགས་ཀྱི་རི་བོ་ཆེའི་མི་རྣམས་ཀྱིས་སྤྱི་བདེའི་ལས་དོན་ལོ་32བྱེད་མྱོང་བའི་ཉེན་རྟོག་པ་རྙིང་པ“པཱ་ཆུང་བདག་ལགས”ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་བྱེད་ཀྱི་ཡོད་ལ། “པཱ་ཆུང་བདག་ལགས”ཀྱིས་ཀྱང་ཁོང་གི་མི་རབས་རྗེས་མ་ཚོར་ཤུགས་རྐྱེན་གཏིང་ཟབ་ཐེབས་པར་བྱེད་ཀྱི་ཡོད།

    སྐྱེ་ཁུངས་ཞིང་བྲན་ཞིག་ཡིན་པ་དང་འདི་ལོ་ལོ་83ལ་སླེབས་པའི“པཱ་ཆུང་བདག་ལགས”ཆུང་དུས་བཀྲེས་ལྟོགས་ཀྱིས་མནར་བ་སོགས། བོད་རྙིང་པར་དཀའ་སྡུག་ཚད་མེད་མྱངས་ཡོད། ལོ་16ལ་སླེབས་སྐབས་དམག་སྡེ་བཅོ་བརྒྱད་པའི་རྗེས་སུ་འབྲངས་ནས་ཆབ་མདོ་དང་ནག་ཆུ་སོགས་སུ་ལས་དོན་སྣ་ཚོགས་སྤེལ་བར་བསྐྱོད་དེ་ཇག་པར་རྡུང་རྡེག་གཏོང་བ་དང་། མང་ཚོགས་ཀྱི་ལས་དོན་སྤེལ་བ། ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་སོགས་བྱས་ཡོད།

    དམག་སྡེ་བཅོ་བརྒྱད་པ་དང་ལྷན་དུ་མཉམ་བཟའ་མཉམ་འཐུང་གིས་ལས་ཀ་བྱས་པས་ཆུང་བདག་ལ་སྔར་བྱུང་མ་མྱོང་བའི་དྲོ་སྐྱིད་ཅིག་ཚོར་བ་མ་ཟད། ཁོང་ཚོས་ཕྱོགས་གཅིག་གི་དུས་བདེ་སྲུང་སྐྱོང་བྱེད་པ་དང་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པའི་ལྷད་མེད་ཀྱི་སེམས་པའང་ཁོང་གིས་དོན་དངོས་ཐོག་ནས་མྱོང་ཚོར་ཐུབ་ཡོད་པ་རེད།

    དད་སེམས་བརྟན་པོ་ཞིག་ཡོད་པ་ལས་དམག་སྡེ་བཅོ་བརྒྱད་པ་ཆུང་བདག་གི་ཁྱིམ་ཚང་གསར་པར་གྱུར། 1956ལོར་ལོ་21ལ་སླེབས་པའི་ཆུང་བདག་གིས་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་ཞུས་ཏེ། རི་བོ་ཆེ་རྫོང་སྤྱི་བདེ་ཅུས་སུ་ཡོང་ནས་ཁོང་གི་ཉེན་རྟོག་པའི་འཚོ་བ་སྐྱེལ་འགོ་ཚུགས་པ་དང་། ཡུན་རིང་མ་འགོར་བར་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པར་གྱུར་ཡོད།

    རང་ལྗོངས་ཀྱི་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ཐོག་མའི་སྐབས་སུ་སྤྱི་བདེའི་ལས་ཀ་བྱེད་པར་མི་རྒྱུ་དངུལ་གསུམ་གྱི་འགན་ལེན་ཚང་མ་ཧ་ཅང་དཀའ་ངལ་ཆེན་པོ་ཡོད་པ་རེད། ཁོང་གིས་རྐང་ཟུང་གིས་ཁོད་ཡངས་ས་ཆའི་རྒྱ་ཁྱོན་འཇལ་བ་བགྲང་གིས་མི་ལང་ལ། ཁོང་གིས་གངས་ཆར་གྱི་གྲང་རེག་ལུས་ཀྱིས་མྱངས་ཤིང་། ལྷགས་རླུང་གི་འཚུབ་སྒྲས་རྣ་བ་གཙེས་བཞིན་དུ། དོགས་ཡོད་ཉེས་ཅན་པར་མིག་ཟུང་ལྡིར་ལྡིར་བྱས་པ་ཅི་ལ་ཉུང་། དེ་བས་ཁོང་གིས་ལག་ཟུང་གིས་བཀོད་པའི་འདྲི་རྩད་ཀྱི་ཟིན་བྲིས་རི་བོའི་གཏོས་དང་མཉམ། མ་ཟད། མེ་མདའ་ཐོགས་པའི་ཇག་པ་དང་ཉེས་གསོག་པའི་ཤོག་ཁག་དང་འཐབ་རྩོད་བྱེད་པའི་སྐྱེ་འཆིའི་གནས་སྐབས་རེ་རེར་རོགས་ཟླ་རྐྱེན་ལམ་དུ་ཤོར་ཞིང་རང་སྲོག་ལ་ཉེན་ཁ་ཆེ་ཡང་། ཁོང་ནི་སྐྲག་སྣང་སྤུ་ཙམ་ཡང་མེད། “ལངས་ཕྱོགས་ངེས་པར་དུ་བརྟན་པོ་དགོས། དེ་ལྟར་མིན་ན་སྤྱི་བདེའི་ལས་དོན་ཡག་པོ་བསྒྲུབས་མི་ཐུབ”ལོ་30ཙམ་སོང་ཡང་སྤྱི་བདེའི་ལས་དོན་སྐོར་བརྗོད་སྐབས་ཆུང་བདག་གིས་སྔར་བཞིན་འཁོན་འཁོན་ཐོགས་ཐོགས་མེད་པར་ཤོད་ཀྱི་ཡོད་པ་རེད།

    དྲང་བདེན་དང་གཏུམ་སྤྱོད་ཀྱི་མདུན་དུ་ཆུང་བདག་ནི་བློ་རྩ་བརྟན་པའི་ཕོ་ཁྱོ་ག་ཞིག་ཡིན་པས། མི་བཟང་པོར་དོན་མེད་སྐྱོན་འཛུགས་མི་བྱེད་ལ། མི་ངན་པ་ཐར་པར་གཏན་ནས་གཏོང་གི་མེད། མང་ཚོགས་ཀྱི་མདུན་དུ་ཁོང་དྲང་བདེན་སྒེར་སེམས་མེད་པ་དང་གང་སར་ལྟ་རྟོག་དང་གཟབ་ནན་ཆེ་བའི་མི་ཞིག་རེད། མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་ཁོང་འཚོལ་བར་ཡོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་ཁོང་གིས་སེམས་ཁྲལ་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་སར་ཁོང་གིས་བསམ་བློ་བཏང་སྟེ། སེམས་ནུས་ཡོད་རྒུས་མང་ཚོགས་ལ་སེམས་ཁྲལ་དང་དཀའ་གནད་བསལ་རོགས་བྱེད་པ་དང་། མང་ཚོགས་ཁྲོད་རྩོད་གཞི་དང་འགལ་ཟླ་ཐོན་སྐབས་ཁོང་འཚོལ་བར་ཡོང་གི་ཡོད། ཁོང་གིས་སྒེར་སེམས་སྤུ་ཙམ་ཡང་མི་འཆང་བ་དང་ཡོ་འཛོལ་གཏན་ནས་མེད་པར་རྟག་ཏུ་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་སྐབས་མི་རྣམས་བློ་ཡིད་ཚིམས་པ་ཞིག་ཡོང་བ་བྱེད་ཀྱི་ཡོད། དུས་ཚོད་གང་ཙམ་སོང་སྐབས་ཁོང་ཚང་མའི་སེམས་ནང་གི་པཱ་ལགས་དང་འདྲ་བར་མང་ཚོགས་ལ་དོན་དག་ཆེ་ཆུང་གང་འཕྲད་ཀྱང་ཚང་མས་འཕྲལ་དུ་ཁོང་བསམ་བློར་འཁོར་གྱི་ཡོད། དེ་ལྟར་གོ་མེད་ཚོར་མེད་ངང་ཁོང་མང་ཚོགས་ཁྲོད་ཀྱི“པཱ་ཆུང་བདག”ཏུ་གྱུར་པ་རེད།

    ཆུང་བདག་ནི་དེ་བས་ཁོང་གི་ཕྲུ་གུ་རིག་འཛིན་ཆོས་ལྡན་དང་བདེ་ཆེན་སྒྲོལ་མའི་སེམས་ནང་གི་བྱམས་སེམས་ཆེ་བའི་པ་ཕ་དང་དཔའ་བོ་ཞིག་རེད། ཁྱིམ་གྱི་སྒོ་འགྲམ་ནས་དྲིལ་སྒྲ་ཐོས་སྐབས་ཕྲུ་གུ་ཚོས་ལམ་སེང་སྒོ་འགྲམ་དུ་དོན་ནས་ཁོང་གྱོད་གཞི་བསྒྲུབས་ནས་ལོག་ཡོང་མིན་ལྟ་བ་དང་། ཕྲུ་གུ་ཚོ་གློག་བརྙན་ལྟ་རྒྱུར་དགའ་པོ་ཡོད་པས་ཁོང་གིས་ཕྲུ་གུ་གཉིས་རྫོང་གི་གློག་བརྙན་ཁང་དུ་ཇག་འདུལ་གློག་བརྙན་ལྟ་བར་འཁྲིད་ཀྱི་ཡོད། རིག་འཛིན་ཆོས་ལྡན་ན་སྐབས་ཁོང་གིས་བཟའ་ཟླའི་ཕྱུ་པ་གྱོན་ནས་ཕྲུ་གུ་ཨམ་ཕྲག་ནང་བླུགས་ཏེ་མགོ་སྐོར་གྱི་ཡོད། བདེ་ཆེན་སྒྲོལ་མ་སློབ་གྲྭ་འགྲིམ་སྐབས་རྒན་ལགས་ཀྱིས་སྐབས་རེ་ཁོང་ལ“པཱ་ཆུང་བདག་ལགས”ནི་རྫོང་ནང་གི་ཉེན་རྟོག་པ་བཟང་པོ་ཞིག་རེད་ཅེས་ཤོད་ཀྱི་ཡོད།

    པ་ཕའི་གཏམ་གླེང་དང་བྱ་སྤྱོད་ཚང་མས་ཕྲུ་གུ་གཉིས་ཀྱི་སེམས་ནང་བག་ཆགས་ཟབ་མོ་བཞག་པས་ཁོང་ཚོ་ཡང་གཅིག་རྗེས་གཉིས་མཐུད་ངང་སྤྱི་བདེའི་ལས་གནས་ཐོག་བསྐྱོད་དེ་རི་བོ་ཆེ་གྲོང་རྡལ་མངགས་གཏོང་ཁང་དུ་ལས་ཀར་ཞུགས།

    པ་ཕའི་ཤུགས་རྐྱེན་བཟང་པོའི་འོག་རིག་འཛིན་ཆོས་ལྡན་ལས་དོན་སྒྲུབ་སྐབས་ཀྱང་གཞན་གྱི་སྔོན་དུ་སྐྱོད་དེ་སྔར་ནས་བཟུང་མི་སྒེར་གྱི་ཐོབ་ཤོར་ལ་རྩོད་པ་རྒྱག་གི་མེད་པ་རེད། ཁོང་གིས་གངས་ཁྲོད་དུ་ཉིན་གཉིས་གསུམ་དང་ཐ་ན་དེ་བས་རིང་བ་སྐྱོད་རྐྱེན་ཁོང་ལ་འདུས་འདྲིལ་གཅོང་ནད་ཀྱི་ནད་ཕོག་པ་དང་། མིག་འཚེར་བའི་གངས་དཀར་ལས་ཁོང་ལ་གངས་འཕྱིད་ཀྱི་ནད་ཕོག་པ་སོགས་ལས་སྤྱང་གྲུང་འཛོམས་པའི་བུ་མོ་དཀོན་མཆོག་གཡང་འཛོམས་སེམས་སྡུག་ཆེན་པོ་བྱུང་ཡོད།

    “པཱ་ལགས་ཀྱིས་མི་ངན་འཛིན་ཐུབ་པས་མི་ཚང་མ་སེམས་ལྷོད་ལ་བབས་སོང”ཞེས་ཉེ་འགྲམ་གྱི་ཧ་གོ་དོན་རྟོགས་ཐུབ་པའི་བུ་མོས་བརྗོད་སྐབས་ངལ་དུབ་ཀྱིས་མནར་བའི་རིག་འཛིན་ཆོས་ལྡན་གྱི་སེམས་ལ་དྲོ་སྐྱིད་ཚད་མེད་སྦྱིན་གྱི་ཡོད།

    སྤོ་བོ་ལགས་དང་། པཱ་ལགས། ཨ་ནེ་ལགས་བཅས་ཀྱིས་རྟག་ཏུ་ཉིན་མཚན་དབྱེར་མེད་ངང་ཉེན་རྟོག་པའི་ལས་དོན་སྒྲུབ་ཀྱི་ཡོད་པ་དང་། སྐད་ཆ་ཉུང་ལ་ངོ་ཚ་ཆེ་བའི་དཀོན་མཆོག་གཡང་འཛོམས་ཀྱིས་ཁོ་མོའི་སློབ་ཆུང་གི་རྩོམ་ཡིག་ནང་རྒན་རབས་ཚོས་བྲིས་པའི་རང་ཉིད་ཀྱི་ཕུགས་འདུན——སྤོ་བོ་ལགས་དང་། པཱ་ལགས། ཨ་ནེ་ལགས་བཅས་དང་འདྲ་བའི་མི་དམངས་ཉེན་རྟོག་པ་ཞིག་ལ་གྱུར་བ་བྱེད་དགོས་ཞེས་པ་དེ་ངག་སྐྱོར་གཏོང་བཞིན་ཡོད་པ་རེད།

    2016ལོར་དཀོན་མཆོག་གཡང་འཛོམས་ཀྱི་བསམ་དོན་སྒྲུབ་སྟེ་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་དམངས་ཕྱུག་ལམ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་རོགས་ཉེན་རྟོག་པ་ཞིག་ལ་གྱུར་ཡོད། ཁོང་སྤོ་བོ་ལགས་དང་པཱ་ལགས་དང་འདྲ་བར་དྲག་ཆར་རླུང་འཚུབ་ཁྲོད་སྐྱོད་མི་དགོས་ཀྱང་དཀོན་མཆོག་གཡང་འཛོམས་ཀྱིས་རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།