[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • ཀུན་ལྡན་ཕུན་ཚོགས། སྒྱུ་རྩལ་བཤུལ་ལམ་ཡངས་མོ་རུ། མི་ཚེའི་ཕུགས་བསམ་དོན་དུ་གཉེར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-16

    དམའ་རིམ་སློབ་འབྲིང་འགྲིམས་སྐབས་འཛིན་གྲྭའི་ཀྲུའུ་རེན་གྱི་མཛུབ་ཁྲིད་འོག རང་ཉིད་ཀྱིས་བརྩམས་པའི་འཁྲབ་ཚན་ཐུང་ངུ《ཁྱིམ་བདག་འདི་ལ་གཟིགས་དང》འཁྲབ་པས། རྫོང་གྲོང་དུ་སྐད་གྲགས་གང་ཙམ་ཆོད་ནས་ལྟད་མོ་བའི་བསྔགས་བརྗོད་མང་པོ་ཐོབ་བྱུང་། ཉམས་མྱོང་འདིས་ངའི་ཡིད་ཆེས་ཆེན་པོ་འཕེལ་བ་དང་སྦྲགས་སྒྱུ་རྩལ་གྱི་ལམ་བུར་སྐྱོད་པའི་མི་ཚེའི་ཁ་ཕྱོགས་དང་དམིགས་ཡུལ་ཡང་རྙེད་བྱུང་། 2015ལོར་སོ་སོས་བསམ་པ་ཇི་བཞིན་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རྒྱང་བསྒྲགས་དང་གཙོ་སྐྱོང་ཆེད་ལས་སུ་ཚུད་བྱུང་། སྐབས་དེ་དུས་སློབ་གྲྭའི་གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པར་ཧུར་སེམས་ཆེན་པོས་ཞུགས་པ་ཡིན།

    གཞས་མ་གཏམ་ཚོགས་པའི་ཁོངས་མི་ནས་ཚོགས་གཙོ་དང་། དེ་རྗེས་གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པའི་ཚོགས་གཙོར་གྱུར་པའི་བར་ངས་ལོ་གསུམ་དཀའ་ལས་བརྒྱབ་པ་ཡིན། ལོ་གསུམ་རིང་ངས་རང་ཉིད་ཡར་རྒྱས་ཡོང་ཆེད་འབད་འཐབ་ལྷོད་མེད་བྱས་པ་ཡིན། དགོད་བྲོའི་གཏམ་གླེང་མཁས་ཅན་རྒན་རྡོ་རྗེ་གྲགས་པར་སློབ་སྦྱོང་དང་ལད་མོ་བྱས་ནས་འབྲས་བུ་གང་ཙམ་ཐོན་རྗེས། ང་ལ་བོད་ལྗོངས་གཞས་མ་གཏམ་སྒྱུ་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཕུན་ཚོགས་བཀྲ་ཤིས་མཇལ་བའི་བསྐལ་བ་ཐོབ་བྱུང་། ཁོང་གིས་སློབ་གྲྭར་འཁྲབ་སྟོན་པ་འདེམས་པར་ཕེབས་པ་དང་སྦྲགས་ཁེར་རྐྱང་དུ་མཛུབ་ཁྲིད་གནང་བྱུང་། བློ་ཕམ་དགོས་པ་ཞིག་ལ་ང་རང་སྐབས་དེ་དུས་བདམས་ཐོན་མ་བྱུང་། དེ་རྗེས་ངས་རང་ཉིད་ཀྱི་སྐྱོན་དང་མ་འདང་བའི་ཆར་མནོ་བསམ་ཞིབ་མོ་བཏང་བ་དང་སྦྲགས་འཁྲབ་སྟོན་སྣ་ཚོགས་ལ་ཞུགས་ནས་རང་ཉིད་ཀྱི་འཁྲབ་རྩལ་མཐོ་རུ་གཏོང་ཐབས་བྱས་པ་ཡིན། དེ་ལྟར་དུས་ཡུན་རིང་པོ་སྦྱངས་པ་ལྷོད་མེད་བྱས་མཐར་ངས་རང་ཉིད་ཀྱི་འཁྲབ་གཞུང་ཐོག་མ《ཨ་ཕའི་བརྩེ་བ》བྲིས་པ་ཡིན། དེར་ཕུན་སུམ་ཚོགས་པའི་རྗོད་ཚིག་དང་མི་སེམས་ལ་ཟབ་མོ་ཟུག་པའི་ནང་དོན་མེད་ཀྱང་། སྟབས་བདེ་ལ་དྲོད་འཁོལ་བའི་གཏམ་རྒྱུད་ཅིག་གིས་ཚང་མའི་སེམས་ལ་དྲོ་སྐྱིད་ཞིག་བྱིན་ཐུབ་སོང་། དེ་ནས་བཟུང་ངའི་བློ་སྒོ་ཕྱེ་བ་དང་ང་ལ་སྐུལ་ལྕག་ཚད་མེད་ཐེབས་སོང་བས། ངས་ཡོད་ཚད་སྒུལ་ཤུགས་སུ་བརྩིས་ནས་སློབ་གྲྭའི་ཕྱི་ནང་གི་རིག་རྩལ་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་པ་ཡིན།

    སྒྱུ་རྩལ་ལ་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ཤིག་ལྡན་པས། མི་མང་པོ་ཞིག་ཡིད་སེམས་རང་དབང་མེད་པར་ཤོར་གྱི་ཡོད་པ་ཇི་བཞིན། ང་ཡང་དེ་ལས་མ་འདས། སྒྱུ་རྩལ་གྱིས་ང་ལ་སྦྱིན་པ་ནི་འཁྲབ་སྟོན་ཚར་རྗེས་ཀྱི་ཐལ་མོའི་རྡེབ་སྒྲ་ཁོ་ན་ཙམ་མ་ཡིན་པར། ཉམས་མྱོང་དང་ཚོར་བ་གསར་པ་རེའང་ཡོང་གི་འདུག ངས་རང་ཉིད་ཀྱི་མྱོང་བ་དང་གཏམ་རྒྱུད་འཁྲབ་གཞུང་དུ་བྲིས་ཏེ་གར་སྟེགས་ཐོག་མངོན་ཐབས་བྱེད་བཞིན་ཡོད། སྒྱུ་རྩལ་གྱི་སྤྲོ་སྣང་ཆེ་ཤོས་ནི་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་མ་ཡིན་ལ། སྟོང་གསུམ་སྐད་ཀྱིས་ཆོད་པའི་དགོད་བྲོའི་གཏམ་བརྗོད་མཁས་ཅན་ཞིག་ཏུ་འགྱུར་བའི་ཆེད་དུའང་མ་ཡིན་པར། སྒྱུ་རྩལ་གྱི་ལམ་བུར་བཞུད་རིང་གཞན་གྱིས་ཚོར་ཐབས་བྲལ་བའི་ཉམས་སྣང་ཞིག་བྱུང་ནས་རང་ཉིད་འཚར་ལོངས་ཀྱི་ལམ་བུ་ཡངས་སུ་འགྲོ་བར་འབད་འཐབ་ཀྱི་དམིགས་ཚད་ཅིག་རྙེད་ཐུབ་པ་དེ་རེད།

    བོད་ལྗོངས་སློབ་ཆེན་གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པ་ནི་རང་ལྗོངས་ནས་རྒྱལ་ཡོངས་མཐོ་སློབ་ཀྱི་གཞས་མ་གཏམ་ཚོགས་པའི་མནའ་འབྲེལ་དུ་ཚུད་པའི་ལས་འཛིན་ཚན་པ་གཅིག་པུ་དེ་རེད། 2017ལོའི་ཟླ་7པར། ང་ལ་གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པའི་ཚབ་ཞུས་ནས་པེ་ཅིང་དུ་གྲ་སྒྲིག་འདུ་ཚོགས་ལ་ཞུགས་ཏེ་རྒྱལ་ཡོངས་མཐོ་སློབ་ཀྱི་གཞས་མ་གཏམ་ལ་དགའ་པོ་ཡོད་མཁན་ཚོ་དང་སྤེལ་རེས་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོག་མར་ཐོབ་པས། གཞས་མ་གཏམ་གྱི་ལམ་བུར་ཞུགས་པའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་། 2018ལོར། རྒན་ཕུན་ཚོགས་བཀྲ་ཤིས་ལགས་ཀྱི་མཛུབ་ཁྲིད་འོག ངས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས་ཀྱི་དགོད་བྲོའི་གཏམ་གླེང་འཁྲབ་སྟོན་པའི་གསོ་སྦྱོང་ལ་ཐོག་མར་ཞུགས་པས་ཕན་པ་མི་དམན་པ་ཐོབ་བྱུང་། དེ་རྗེས་ཀྲུང་གོ་གཞས་མ་གཏམ་མཐུན་ཚོགས་བོད་རང་སྐྱོང་ལྗོངས་མི་རིགས་གཞས་མ་གཏམ་སྒྱུ་རྩལ་ལས་དོན་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་ལ་ཞུགས་པའི་བསྐལ་བ་ཐོབ་བྱུང་། གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པས་ལོ་ལྟར་ཕུན་ཚོགས་བཀྲ་ཤིས་དང་། ཉི་མ་དོན་གྲུབ། རྡོ་རྗེ་གྲགས་པ་སོགས་བོད་ལྗོངས་རིག་རྩལ་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་སློབ་གྲྭར་འཆད་ཁྲིད་དང་གཅིག་གཏད་གཅིག་གི་མཛུབ་ཁྲིད་གནང་བར་གདན་དྲངས་ཏེ་ང་ཚོའི་སྒྱུ་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་ཐབས་བྱེད་ཀྱི་ཡོད།

    གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པས་སྒྱུ་རྩལ་དང་འཚོ་བ་ཟུང་འབྲེལ་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། སློབ་གྲྭར་ང་ཚོས་གསོ་རིག་སློབ་གླིང་དང་མཉམ་དུ“བརྩེ་སེམས་བཅངས་ནས‘ཨེ་ཙེའི་ནད་ལ’དོ་ཁུར་དང་བརྩེ་བ་ཀུན་ལ་ཁྱབ་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“ཨེ་ཙེའི་ནད”སྔོན་འགོག་གི་དྲིལ་བསྒྲགས་རིག་རྩལ་མཚན་ཚོགས་གཉེར་ཏེ་སློབ་ཆེན་སློབ་མའི་ངོས་ནས་ཨེ་ཙེའི་ནད་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱས་ཡོད། ལོ་ལྟར་ང་ཚོས་དགུན་གསེང་རིང་སློབ་མ་ཁག་གཅིག་ཁྲིད་དེ“ཨེ་ཙེའི་ནད”སྔོན་འགོག་དང་བླངས་པའི་ངོས་ནས་གཤམ་སྐྱོད་འཁྲབ་སྟོན་བྱེད་སྒོ་སྤེལ་གྱི་ཡོད། གྲོང་མི་མང་ཆེ་བར་རྒྱུན་ཤེས་དེ་ཙམ་མེད་པས། ང་ཚོས་གཟའ་མཇུག་གི་ཁོམ་པ་སྤྱད་དེ་ཇུས་གཞི་དང་འཁྲབ་གཞུང་བྲིས་ནས་གོ་བདེ་ཤེས་སླའི་འཁྲབ་ཚན་ཐུང་ངུ་དང་། དགོད་བྲོའི་གཏམ་གླེང་བཀོད་སྒྲིག་བྱས་ཏེ་ཨེ་ཙེའི་ནད་སྔོན་འགོག་གི་ཤེས་བྱ་དེའི་ནང་ཁྱབ་པར་བྱས་ནས་ཞིང་འབྲོག་མང་ཚོགས་ཚོས་འཁྲབ་སྟོན་ནང་ནས་ཨེ་ཙེའི་ནད་སྔོན་འགོག་གི་ཤེས་བྱ་ཤེས་པ་དང་། ཨེ་ཙེའི་ནད་སྔོན་འགོག་གི་ཤེས་བྱ་གྲོང་གསེབ་ཏུ་ཁྱབ་སྤེལ་བཏང་སྟེ་སྤྱི་ཕན་བྱ་གཞག་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡོད། མིག་སྔར་ཨེ་ཙེའི་ནད་སྔོན་འགོག་གི་སྤྱི་ཕན་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དང་། གྲྭ་ནང་རྫོང་། འཕྱོངས་རྒྱས་རྫོང་། གོང་དཀར་རྫོང་། ཆུ་གསུམ་རྫོང་བཅས་ཀྱི་ཤང་4དང་། གྲོང་རྡལ་2 སྲིད་འཛིན་གྲོང་ཚོ་39 སློབ་འབྲིང་2 རྒན་གསོ་ཁང་1བཅས་སུ་སྐོར་སྐྱོད་འཁྲབ་སྟོན་ཐེངས་35ཙམ་བྱས་པས་མང་ཚོགས་མི་ཐེངས་ཁྲི་1ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    གཞན་ཡང་ང་རང་གློག་བརྙན་གྱི་སྒྲ་སྦྱོར་ལ་ཧ་ཅང་དགའ་པོ་ཡོད། སློབ་ཆེན་ལོ་བཞིའི་རིང་ངས་སློབ་གསེང་ཁོམ་པ་མང་ཆེ་བ་སློབ་གྲྭའི་ཉེ་འགྲམ་གྱི་སྨྱན་སྦྱོར་ཀུང་སི་ཁག་ཏུ་འཁྲབ་གཞུང་ཡིག་སྒྱུར་དང་སྒྲ་སྦྱོར་བྱེད་པར་ཕྱིན་པ་ཡིན། སྒྲ་སྦྱོར་དེའང་སྒྱུ་རྩལ་གྱི་ཆུ་ཚད་མཐོ་པོ་དགོས་པ་སྟེ། སྒྲ་སྦྱོར་བས་སྔོན་ལ་རང་ཉིད་འཁྲབ་སྟོན་པ་ཞིག་ཏུ་བརྩིས་ནས་འཁྲབ་མཁན་གྱི་ཚོར་འདུ་དང་། གནས་བབ། རྣམ་འགྱུར་སོགས་སྐད་ཆའི་ལམ་ནས་གང་ལེགས་མཚོན་པར་བྱས་ཏེ་འཁྲབ་མཁན་ངོ་མས་བཤད་པ་ལྟ་བུར་འགྱུར་བར་བྱེད་དགོས། སྒྲ་སྦྱོར་བྱེད་རིང་དཀའ་ངལ་མང་དག་ཅིག་ཕྲད་ནས་མཚམས་རེ་སྒྲ་སྦྱོར་བྱེད་མཚམས་འཇོག་དགོས་སྙམ་པའང་བྱུང་། ཡིན་ནའང“དད་པ་ཡོན་ཏན་ཀུན་གྱི་གཞི”ཞེས་པ་ལྟར་ལས་ཀ་དེར་དད་ཞེན་ཡོད་པས། རྒྱུན་འཁྱོངས་བྱས་མཐར་སྒྲ་སྦྱོར་བྱེད་རིང་འཁྲབ་སྟོན་པར་ངོས་འཛིན་གསལ་པོ་ཞིག་བྱུང་ལ། རང་ཉིད་ཀྱི་འཁྲབ་རྩལ་ཡང་མཐོ་རུ་ཕྱིན་སོང་། ད་བར་ངས་གློག་བརྙན《ཤང་ཅང་གི་དམར་འཛིང་ཆེ་མོ》དང《ཨ་སྔོན་ཨང་དང་པོ》དང་། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《བྱམས་སེམས་ཅན་གྱི་ཧོང་ཧྥེ་ཧུང》སྒྲ་སྦྱོར་བྱས་ཡོད། གཞན་ཡང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི《ཁྲིམས་ལུགས་ལེ་ཚན》གྱི་སྒྲ་སྦྱོར་བ་ཞོར་དུ་བྱས་པ་དང་། ལྷ་ས་བརྙན་འཕྲིན་ལས་ཁུངས་ཀྱི《དར་སྲོལ་ལྷ་ས》དང《མཉམ་དུ་ཡུལ་སྐོར་ལ་འགྲོ》ཞེས་པའི་ལེ་ཚན་གྱི་སྒྲ་སྦྱོར་འགྲེལ་བཤད་པ་སོགས་བྱས་པ་ཡིན།

    མི་ཚེའི་ལམ་བུར་དད་ཞེན་ཆེ་བའི་བྱ་བ་ཞིག་གིས་ཀུན་ལས་ལྷག་པ་ཞིག་ཏུ་གྱུར་པ་དེ་ནི་བདེ་སྐྱིད་ལྡན་པའི་ལས་ཀ་ཞིག་རེད། ལམ་བུ་འདིར་དཀའ་སྡུག་ཇི་ཙམ་ཕྲད་ཀྱང་ངས་སྒྱུ་རྩལ་བྱ་གཞག་དོན་གཉེར་དང་ནམ་ཡང་ཁ་འབྲལ་མི་སྲིད། ལམ་བུ་འདི་ཧ་ཅང་རིང་པོ་ཞིག་དང་དཀའ་ཚེགས་ཆེ་བ་ཞིག་ཡོད་པ་ངས་གསལ་པོ་ཤེས་ཀྱང་བློ་བརྟན་འགྱུར་མེད་ངང་མདུན་དུ་སྐྱོད་ཀྱི་ཡིན།

    591336_yis_1548911402069.jpg

     འདི་ནི་ཀུན་ལྡན་ཕུན་ཚོགས་ཀྱིས་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་གྱི་སྒྲ་སྦྱོར་བྱེད་བཞིན་པ།

    591337_yis_1548911402974.jpg

     འདི་ནི་ཀུན་ལྡན་ཕུན་ཚོགས་ཀྱིས་གཤམ་སྐྱོད་འཁྲབ་སྟོན་བྱེད་བཞིན་པ།

    591334_yis_1548911400337.jpg

     འདི་ནི་ཀུན་ལྡན་ཕུན་ཚོགས་ལ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དྲ་རྒྱའི་རིག་རྩལ་ཐད་གཏོང་འགྲན་བསྡུར་གྱི་བྱ་དགའ་ཐོབ་པ།

    591335_yis_1548911400930.jpg

     འདི་ནི་ཀུན་ལྡན་ཕུན་ཚོགས་ཀྱིས་གར་སྟེགས་འཁྲབ་ཚན《སྐལ་བཟང་མེ་ཏོག་སླར་ཡང་བཞད》འཁྲབ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།