[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • སྒྱུ་རྩལ་ཞིང་སར་སྣུམ་ཚོན་རང་མདངས་རྒྱས། ཁྱད་འཕགས་པིར་རྩལ་ཀུན་གྱིས་དོ་ཟླ་བྲལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-11

    News620190101P01620CYU.jpg

    ①སོ་མཱ་ཎིའི་བརྩམས་ཆོས《གོས་འཁྲུའི་གཞས》

    སོ་མཱ་ཎི་སྐྱེ་ས་འཚར་ས་བར་སྐོར་ཁྲོམ་གཞུང་དུ་ཡིན་ཞིང་། པཱ་ལགས་ནི་བོད་དུ་སྐད་གྲགས་ཆོད་པའི་གཞས་གདངས་རྩོམ་མཁན་ལུའོ་ཉན་དབྱི་རེད། སོ་མཱ་ཎི་ཆུང་དུས་ནས་རི་མོ་འབྲི་བའི་ལྷན་སྐྱེས་ཀྱི་རིག་པ་བཀྲ་བ་དང་། ལོ་བདུན་བརྒྱད་ཙམ་ལ་སླེབས་སྐབས་པཱ་ལགས་གཞུང་དོན་གྱིས་རྐྱེན་པས་རྟག་ཏུ་ཕྱིར་འགྲོ་དགོས་སྟབས་བུ་ཕྲུག་ལ་ལྟ་སྐྱོང་བྱེད་ཁོམ་མེད་རྐྱེན་ཁོང་ཕ་ཡུལ་སི་ཁྲོན་ཧོ་ཅང་དུ་བསྐྱལ་བ་རེད།

    སོ་མཱ་ཎི་བྱིས་དུས་སུ་མུ་འབྲེལ་རི་མོ་ལྟ་རྒྱུར་ཧ་ཅང་དགའ་པོ་ཡོད་ཅིང་། ཨ་མ་ལགས་ཤིན་ཧྭ་དཔེ་ཚོང་ཁང་གི་ལས་བཟོ་བ་ཞིག་ཡིན་པས། སོ་མཱ་ཎིས་ཨ་མ་ལགས་དང་མཉམ་དུ་ལས་ཀ་བྱེད་སར་ཕྱིན་ནས་ཉིན་གང་དཔེ་དེབ་ཁང་དུ་དེབ་བལྟས་ནས་སྡོད་ཀྱི་ཡོད། ཆེན་པོ་ཆགས་རྗེས་ཨ་མའི་ལས་ཀའི་ཚབ་བྱ་རྒྱུ་དེའང་ཁོང་གི་ཕུགས་བསམ་ལ་གྱུར་མྱོང་ཡོད། “སྐབས་དེ་དུས་མུ་འབྲེལ་རི་མོའི་དེབ་གཅིག་བལྟས་ཚར་རྗེས། ཁོང་གིས་དེབ་ལ་བལྟས་ནས་རི་མོ་དེ་ཐེངས་གཅིག་འབྲི་གི་ཡོད། ལྷག་པར་དུ་དྲག་རྩལ་གྱི་སྒྲུང་དེབ་ལྟ་རྒྱུར་ཧ་ཅང་དགའ་པོ་ཡོད་ལ། དེབ་ཆ་ཚང་གཅིག་མཚན་གཅིག་ལ་ལྟ་ཐུབ་ཀྱི་ཡོད” དད་པ་ཡོན་ཏན་ཀུན་གྱི་གཞི་ཞེས་པ་སཱོ་མ་ཎིའི་ལུས་ཐོག་ནས་ལྷམ་མེར་མངོན།

    News620190101P01616CYU.jpg

    ② སོ་མཱ་ཎིའི་བརྩམས་ཆོས《དྲན་སེམས་མི་ནུབ》

    སོ་མཱ་ཎིས་རི་མོ་འབྲི་བ་ཕུད་ད་དུང་ཡིག་གཟུགས་སྦྱོང་བ་དང་། པར་རྒྱག་པ། རྐང་རྩེད་སྤོ་ལོ་རྒྱག་པ་སོགས་ལ་དགའ་པོ་ཡོད། ལྷག་པར་དུ་རི་མོ་འབྲི་བ་དང་། རྐང་རྩེད་སྤོ་ལོ་རྒྱག་པར་ཧ་ཅང་དགའ་པོ་ཡོད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་འགོར། པཱ་ལགས་ཀྱིས་ཐུགས་བཟང་ཚིག་ནན་གྱི་སྒོ་ནས་ཁོང་ལ་མཐོ་རྒྱུགས་སླེབས་ལ་ཉེ་བས། ལུས་རྩལ་དང་རི་མོའི་ཆེད་ལས་གང་དུ་འགྲོ་མིན་ལ་སོ་སོས་བསམ་བློ་ཡག་པོ་ཐོངས་ཞེས་གསུངས་མྱོང་ཡོད། ལས་དབང་གི་ཁ་ལོ་ཇི་ལྟར་སྒྱུར་མིན་སོ་སོའི་ལག་ཏུ་ཡོད་པས། བསམ་བློ་ཞིབ་པར་བཏང་རྗེས་རི་མོ་སྦྱོང་བར་འགྲོ་རྒྱུའི་གདམ་ག་བྱས་པ་མ་ཟད། 1991ལོར་བསམ་ཐོག་ཏུ་རྟ་རྒྱུག་པ་ཇི་བཞིན་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་རི་མོའི་ཆེད་ལས་ལ་རྒྱུགས་འཕྲོད།

    སློབ་ཆེན་ཐོན་རྗེས། སོ་མཱ་ཎི་ལྷ་ས་དགོང་དྲོའི་ཚགས་པར་ལས་ཁུངས་སུ་ལས་བགོས་བརྒྱབ། ཁོང་གིས་ཟ་མཁས་སྤྱོད་མཁས་བྱས་པའི་དངུལ་གྱི་སྒང་ལ་ཁྱིམ་ནས་དངུལ་གཡར་ཏེ་རིན་ཐང་སྒོར་8000ལྷག་ཙམ་རི་བའི་པར་ཆས་ཤིག་ཉོས་པ་དང་། ཁོམ་པ་ཡོད་རིམ་བཞིན་བར་སྐོར་དུ་པར་རྒྱག་པར་འགྲོ་གི་ཡོད།

    News620190101P01617CYU.jpg

    ③ སོ་མཱ་ཎིའི་བརྩམས་ཆོས《དྲི་ཟའི་སྙན་དབྱངས》

    “ང་ནི་བར་སྐོར་དུ་འཚར་ལོངས་བྱུང་བའི་ཕྲུ་གུ་ཞིག་ཡིན། འདི་གར་བརྩེ་དུང་ཟབ་མོ་ཡོད” སོ་མཱ་ཎིས་འདི་གར་རྒྱུས་མངའ་ཆེན་པོ་ཡོད་ལ། འདི་གའི་འཕོ་འགྱུར་ཡང་མིག་མཐོང་ལག་ཟིན་བྱུང་ཡོད། ཁང་པ་རྙིང་པའི་བཟོ་དབྱིབས་དང་། ཚོང་ཁང་གི་སྒོ་བྱང་། འབྲོག་པའི་གྱོན་ཆས་སོགས་པར་ལེན་པ་མ་ཟད། ད་དུང་ཡུན་རིང་གི་ཉར་ཚགས་བྱ་ཐབས་ཏེ་སྣུམ་ཚོན་རི་མོར་ཕབ་ཡོད།

    བོད་ཀྱི་སྣུམ་ཚོན་རི་མོའི་སྒྱུ་རྩལ་མཁས་ཅན་ཁྲོད་དུ་དངོས་མཚོན་ཐབས་ཤེས་ལ་བརྟེན་ནས་སྒྱུ་རྩལ་གསར་གཏོད་བྱེད་མཁན་དེ་ཙམ་མང་པོ་མེད། “སྣུམ་ཚོན་རི་མོར‘འཛམ་གླིང་གི་སྐད་ཆ’ཞེས་སུ་འབོད་པ་དང་། དེས་ཐད་ཀར་མི་རྣམས་ལ་རི་མོ་བས་མཚོན་འདོད་པའི་དངོས་པོ་གསལ་ལྷམ་མེར་མཚོན་ཐུབ” དེས་ན་ལོ་མང་རིང་སོ་མཱ་ཎིས་དངོས་མཚོན་གྱི་འབྲི་ཐབས་ལ་བརྟེན་ནས་གསར་གཏོད་མཐའ་འཁྱོངས་བྱས་ཡོད།

    སཱོ་མ་ཎིའི་བརྩམས་ཆོས་ཀྱི་ཁྲོད་དུ་སྲོལ་རྒྱུན་བོད་ཀྱི་ཡུལ་གོམས་གཤིས་ལུགས་མཚོན་པར་དུས་རབས་ཀྱི་ཉམས་འགྱུར་ཆེན་པོ་ལྡན་ལ། སཱོ་མ་ཎིའི་ཞིབ་ཚགས་ཤིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་མངོན་ཡོད།

    “ང་ལ་དེ་སྔོན་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་མི་ལུས་གསར་པ་ཐོབ་པའི་ཡར་ལངས་ཞིང་བྲན་འཕྲད་མྱོང་། ཁོང་ཚོའི་མྱོང་བ་ཧ་ཅང་དཀའ་ཚེགས་ཆེན་པོ་རེད་འདུག ཁོང་ཚོའི་ངོས་ནས་བརྗོད་ན། ཁོང་ཚོར་རང་དབང་སྦྱིན་མཁན་མའོ་ཀྲུའུ་ཞིར་བརྩེ་དུང་ཧ་ཅང་ཟབ་པོ་ཡོད། ཡར་ལངས་ཞིང་བྲན་གྱི་རྒན་རབས་པ་ཚོས་འདི་ལྟ་བུའི་བརྩེ་སེམས་མཚོན་པར་བྱ་ཆེད། ཉིན་ལྟར་མའོ་ཀྲུའུ་ཞིའི་སྐུ་པར་གྱི་རྟགས་མ་བཏགས་ནས་སྨོན་ལམ་འདེབས་ཀྱི་ཡོད”ཅེས་སོ་མཱ་ཎིས《དྲན་སེམས་མི་ནུབ》ཅེས་པའི་སྐབས་དེ་དུས་ཀྱི་རི་མོའི་བརྩམས་ཆོས་ཤིག་ལ་དྲན་གསོ་བྱེད་བཞིན་དུ་བཤད།

    News620190101P01619CYU.jpg

    ④ སོ་མཱ་ཎིའི་བརྩམས་ཆོས《ཁྱེད་ཀྱིས་ང་པར་ལེན་དང་ངས་ཁྱེད་པར་ལེན་བྱེད》

    སོ་མཱ་ཎིས་ཕྲུ་གུས་ཧྥེ་ལི་ཕུའུ་རྟགས་ཅན་གྱི་ཉན་ཆས་བཏགས་པའི་སྣུམ་ཚོན་རི་མོ་འདིར《དྲི་ཟའི་སྙན་དབྱངས》ཞེས་པའི་མིང་བཏགས། “‘དྲི་ཟའི་སྙན་དབྱངས’ཞེས་པའི་ཁྲོད་གལ་ཏེ་ཕྲུ་གུས་བཏགས་པའི་ཉན་ཆས་དེ་མེད་ན། དེ་ནི་མི་སྣའི་དངོས་བྲིས་དཀྱུས་མ་ཙམ་ཞིག་ལས་མ་འདས། སྐྱེད་མའི་པང་དུ་བཏབ་པའི་ཕྲུ་གུ་ནི་མི་རབས་གསར་པ་དང་འབྱུང་འགྱུར་རེད། ཕྲུ་གུའི་མིག་ཟུང་ནི་གྲུང་ཤ་དོད་ལ་གཡོ་ལྷད་མེད་པ་ཞིག་ཡོད། ཁོང་ཚོས་གང་ཞིག་མཐོང་བ་དེ་ངོས་འཛིན་ཐུབ་མོད། འོན་ཀྱང་ངའི་སྣང་ངོར་དེས་ཚད་ཀྱི་མེད། ཁོང་ཚོས་མིག་ཟུང་ལ་བརྟེན་ནས་འཛམ་གླིང་ལ་ལྟ་ཞིབ་དང་འཛམ་གླིང་ཤེས་རྟོགས་བྱེད་པ་དང་ཆབས་ཅིག ད་དུང་འཛམ་གླིང་གི་སྐད་སྒྲ་ཡང་ཉན་བཞིན་ཡོད། ཁོང་ཚོའི་ངོས་ནས་བརྗོད་ན། ཉན་རྒྱུ་ནི་རྒྱུས་མངའ་མེད་པའི་སྐད་སྒྲ་ཞིག་རེད། དེས་ན་མྱོང་བ་གསར་པ་དང་ཁོང་ཚོས་འཛམ་གླིང་ཤེས་རྟོགས་བྱེད་པར་ཤུགས་རྐྱེན་བཟོ་བའི་བྱ་དངོས་དག་ཁོང་ཚོའི་ངོས་ནས་བརྗོད་ན། དྲི་ཟའི་སྙན་དབྱངས་ཤིག་རེད”ཅེས་སོ་མཱ་ཎིས“དྲི་ཟའི་སྙན་དབྱངས”ཀྱི་ནང་དོན་ལ་འགྲེལ་བཤད་བརྒྱབ།

    དངོས་བྲིས་རི་མོ་འབྲི་རྩལ་རྒྱུན་འཁྱོངས་བྱེད་པ་ནི་རྟག་བརྟན་འགྱུར་མེད་ཀྱི་དམ་བཅའ་ཞིག་མ་ཡིན་པར། ཆུང་དུས་ནས་དྲན་རྒྱུ་རྒོད་པའི་སོ་མཱ་ཎིས་སྐབས་རེ“སྤྱོད་པ་སློག་པའི”རང་གཤིས་རང་གི་བརྩམས་ཆོས་ནས་མཚོན་པར་བྱེད་ཀྱི་ཡོད། ཐེངས་ཤིག་སོ་མཱ་ཎིས་ནོར་བུ་གླིང་ཁ་ནས་ཕྱི་རྒྱལ་གྱི་རྐང་རྩེད་སྤོ་ལོའི་སློབ་སྟོན་པ་གྲགས་ཅན་ཞིག་གིས་ལུས་ལ་བོད་ཆས་ལེགས་པར་སྤྲས་ནས་རང་ཉིད་ཀྱི་བཟའ་ཟླ་དང་བུ་མོ་འཁྲིད་དེ་མཉམ་དུ་བོད་ཟས་ལ་རོལ་བ་མཐོང་། ཕྱི་རྒྱལ་བས་བོད་ཆས་གྱོན་པ་ཡང་ཧ་ཅང་འདྲ་ཆགས་པོ་ཡོད་པ་དེ་ལས་སཱོ་མ་ཎིའི་བློ་སྒོ་ཡངས་པོར་ཕྱེ་ནས། ཁོང་གིས་ཆའོ་པུ་སི་དང་། ཁོ་ཧྥེ•ཨན་ནན། པུ་ཧྲི། ཨའོ་པ་མ། ཨན་ཅི་ལི་ན•ཀྲུའུ་ལི་སོགས་འཛམ་གླིང་གི་མི་སྣ་མང་པོ་དང་། ད་དུང་ཨ་རིའི་རྒྱལ་ཁབ་ས་ཁམས་དུས་དེབ་ཀྱི་པར་ལེན་མཁས་པ་ཧྲི་ཏི་ཧྥུའུ•མའེ་ཁའེ་རུའེ་ཡིས་པར་བླངས་པའི་སྐད་གྲགས་ཆོད་པའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་བུ་མོ་བཅས་སྤྱི་ཚོགས་ཀྱི་རིག་གནས་རྒྱབ་ལྗོངས་མི་འདྲ་བའི་མི་སྣར་བོད་ཆས་སྤྲས་ནས་མུ་འབྲེལ་རི་མོའི་ནང་བཅུག་པ་དེ་བསྟན་བཤིག་ཚ་ལ། དགོད་བྲོ་བའི་ཚོར་སྣང་ཞིག་བྱུང་བ་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད།

    News620190101P01615CYU.jpg

    ⑤ སོ་མཱ་ཎིས་རི་མོ་འབྲི་བཞིན་པ།

    པཱ་ལགས་ཀྱི་གྲགས་ཅན་བརྩམས་ཆོས《གོས་འཁྲུའི་གཞས》ལ་དྲན་གསོ་བྱེད་ཆེད། སོ་མཱ་ཎིས་ཆེད་མངགས་མིང་གཅིག་པའི་སྣུམ་ཚོན་རི་མོ་ཞིག་བྲིས་པ་དེ་ལས་གླུ་གཞས་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་དང་ཉ་ཆུ་ལྟ་བུའི་དམག་དམངས་དབར་གྱི་འབྲེལ་བ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།

    ལོ་དེ་དག་རིང་། སོ་མཱ་ཎིས་བརྩམས་ཆོས་སྤུས་དག་མང་པོ་གསར་རྩོམ་བྱས་པའི་ཁྲོད་ཀྱི་སྣུམ་ཚོན་རི་མོ《བར་སྐོར་ནང་གི་མི་ཚོགས》ཞེས་པ《དུས་རབས་གསར་པར་ལག་གདང་སྦྲེལ——སྐབས་གསུམ་པའི་ཀྲུང་གོའི་སྣུམ་ཚོན་རི་མོ་འགྲེམས་སྟོན་གྱི་བརྩམས་ཆོས་ལེགས་འདེམས་འགྲེམས་སྟོན》ནང་བདམས་ནས་པེ་ཅིང་ཀྲུང་གོའི་མཛེས་རྩལ་ཁང་དུ་འགྲེམས་སྟོན་བྱས་པ་དང་སྦྲགས། བརྩམས་ཆོས་དེ་མིང་གཅིག་པའི་བརྙན་དེབ་ནང་བཅུག་ཡོད། སྣུམ་ཚོན་རི་མོའི་བརྩམས་ཆོས《གོས་འཁྲུའི་གཞས》ཞེས་པ་རྒྱལ་ཁབ་རིག་གནས་པུའུ་ཡིས་གཉེར་བའི་རྒྱལ་ཡོངས་ཀྱི་སྐབས་བཅུ་བཞི་པའི་སྐར་ཚོགས་བྱ་དགའི་ནང་ཞུགས་པར་ཕུལ་བྱུང་བྱ་དགའ་ཐོབ་པ་དང་དུས་མཚུངས། བརྩམས་ཆོས་དེ《རྒྱལ་ཡོངས་ཀྱི་སྐབས་བཅུ་བཞི་པའི་སྐར་ཚོགས་བྱ་དགའ——མཛེས་རྩལ་དང་ཡིག་གཟུགས་པར་ལེན་གྱི་ཕུལ་བྱུང་བརྩམས་ཆོས་ལེགས་སྒྲིག》ནང་བཅུག་པ་དང་། སྣུམ་ཚོན་རི་མོ《ཚོན་མདོག་སྣ་ལྔའི་རླུང་དར》ལ“ས་མཐོ། ས་མཐོ”ཞེས་པའི་ནུབ་རྒྱུད་སྣུམ་ཚོན་རི་མོའི་ལོ་གཉིས་རེའི་འགྲེམས་སྟོན་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ་དང་འབྲེལ། ཤིས་ཨན་མཛེས་རྩལ་རྟེན་རྫས་བཤམས་མཛོད་ཁང(རྒྱལ་ཁབ་རིམ་པའི་རྟེན་རྫས་བཤམས་མཛོད་ཁང)དུ་ཉར་ཚགས་བྱས་ཡོད།

    News620190101P01613CYU.jpg

    ⑥ བརྩམས་ཆོས་འགྲེམས་སྟོན་བདེ་བླག་ངང་གཉེར་བར་རྟེན་འབྲེལ་ཞུ་བཞིན་པ།

    ད་ཆ་སོ་མཱ་ཎིར་ཆུང་དུས་འཚོལ་སྙེགས་བྱེད་པའི་རི་མོའི་མཛེས་ཆོས་ཁོ་ན་དོན་དུ་གཉེར་སེམས་དེ་ཙམ་ཆེན་པོ་མེད་པར། སེམས་གཏིང་ནས་བོད་ཀྱི་རིག་གནས་སྒྱུ་རྩལ་གང་ཅིར་མནོ་བསམ་མང་པོ་གཏོང་བཞིན་མཆིས། ཁོང་གི་པིར་རྩལ་ལས་བཞེངས་པའི་བོད་ནི་གསོན་ཤུགས་རྒྱས་པའི་ས་གཞི་ཞིག་ཡིན་པས། ཚོན་མདོག་རྣམ་པར་བཀྲ་བའི་ཁྲོད་ནས་སྲོལ་རྒྱུན་དང་འདས་པའི་ལོ་ཟླར་ཕྱིར་དྲན་བྱས་ཡོད་ལ། སྣང་དོགས་དེ་ཙམ་མེད་པའི་ངང་མིག་ཟུང་ལྟ་ཕྱོགས་ཤིག་དང་། ཚོས་གཞི་སྤེལ་སྟངས་ཤིག ཅ་ལག་ཆུང་ཙག་ཅིག་བཅས་ལས་གསོན་ཤུགས་དང་རེ་བ་གསར་པ་ཡོངས་སུ་མཚོན་པར་བྱེད་ནུས།

    News620190101P01618CYU.jpg

    ⑦ སོ་མཱ་ཎིས་རི་མོའི་རྒྱུ་ཆ་འཚོལ་བསྡུ་བྱེད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།