[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • “མི་སྔར་ལས་མང་བ་མཉམ་དུ་ཕྱུག་པོ་ཆགས་པར་བྱེད་དགོས”

    ཟླ་བ་བཟང་པོའི་ལས་གཏོད་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-11

    1992ལོར་སྐྱེས་པའི་ཟླ་བ་བཟང་པོ་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོ་ནས་ཡིན།

    2015ལོར་ཟླ་བ་བཟང་པོ་བོད་ལྗོངས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ལྷ་ས་གྲོང་ཁྱེར་ཤིང་ཏིང་གསོལ་མགྲོན་ཁང་ཆེ་མོའི་ནང་ལས་ཀ་བྱས་ནས་བསྡད།

    གླ་པ་རྒྱུག་པ་ནི་ལས་ཀ་ཁག་པོ་ཞིག་དང་ཡུལ་པོ་ཞིག་ཡིན་པ་སྨོས་མེད་རེད། ཕྱིས་འབྱུང་མདུན་ལམ་ཅི་འདྲ་ཞིག་ཡོང་མིན་ལ་བསམ་བློ་གཏོང་སྐབས་ཟླ་བ་བཟང་པོ་ཐེ་ཚོམ་སྐྱེ་མྱོང་ལ། ཐ་ན་ཕ་མའི་བསམ་འཆར་ལ་ཉན་རྒྱུའི་བསམ་བློའང་འཁོར་མྱོང་། ཡིན་ནའང་མཐར་ཁོང་གིས་མུ་མཐུད་གསོལ་མགྲོན་ཁང་དུ་ལས་ཀ་བྱེད་རྒྱུ་མཐའ་འཁྱོངས་བྱས།

    2017ལོའི་ཟླ་10པར་ཁོང་གིས་གསོལ་མགྲོན་ཁང་ནས་ལས་གནས་དགོངས་ཞུ་བྱས་ཏེ་ཕ་ཡུལ་ལྷུན་གྲུབ་རྫོང་དུ་ལོག མ་གཞི་ལས་ཀ་ནས་དགོངས་པ་ཞུས་ཀྱང་ལས་ཀ་མེད་པར་བསྡད་ན་ག་ལ་འགྲིག དེས་ན་ཟླ་བ་བཟང་པོས་རྫོང་གྲོང་དུ་བསྐྱོད་ནས་བྱ་གཞག་ཅིག་བསྒྲུབ་རྒྱུའི་ཐད་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་།

    ཁྲོམ་རར་བརྟག་ཞིབ་བྱས་རྗེས་ཟླ་བ་བཟང་པོས་ལྷུན་གྲུབ་རྫོང་གི་སྐྱེད་ཚལ་སྔོ་འགྱུར་ལས་རིགས་ཧ་ཅང་རྗེས་ལུས་ཡིན་པ་དང་དེའི་ཐད་ཀྱི་ཚོང་རྒྱག་མཁན་ཧ་ལམ་མེད་པ་ཤེས། དེ་ནི་ཚོང་གི་གོ་སྐབས་ཧ་ཅང་ཡག་པོ་ཞིག་ཡིན་པས། ཟླ་བ་བཟང་པོས་སྐྱེད་ཚལ་སྔོ་འགྱུར་ཀུང་སི་ཞིག་བཙུགས་ནས་དེའི་ཐད་ཀྱི་ཚོང་རྒྱག་རྒྱུའི་ཐག་བཅད།

    འོན་ཀྱང་ཀུང་སི་འཛུགས་པར་ལས་སླ་པོ་ག་ལ་ཡོད་དེ། ཐོག་མའི་མ་རྩ་ཁོ་ནས་གཞོན་ནུ་དེ་དཀའ་བའི་གནས་སུ་གྱར་བ་བཟོས།

    དཀའ་བས་ལས་ལ་གཞོལ་འགྱུར་ན། གོ་སྐབས་མི་རག་ག་ལ་སྲིད་ཅེས་པ་ལྟར། ཉེ་བའི་ལོ་ཤས་རིང་ལྷུན་གྲུབ་རྫོང་གིས“གཉིས་གཏོད”ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཀུན་གཏོད་བར་མཐོངས་ཧུར་ཐག་བསྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལྷུན་གྲུབ་རྫོང་གི་གཞོན་ནུའི(སློབ་ཆེན་སློབ་མ)ལས་གཏོད་གླིང་བཙུགས། ལས་གཏོད་གླིང་གིས་དེའི་ནང་ཞུགས་མཁན་ཁེ་ལས་ལ་སྲིད་ཇུས་ཡག་ཤོས་དང་། རྗེས་སྙེག་རྣམ་པའི་དོ་དམ། བུ་རྫི་རྣམ་པའི་ཞབས་ཞུ་བཅས་ལག་བསྟར་བྱས་པ་མ་ཟད། ད་དུང་རིན་མེད་ཀྱི་ལས་བཟོའི་རྩལ་ནུས་གསོ་སྦྱོང་ཡང་མཁོ་འདོན་བྱེད་པ་དང་ལྷག་པར་དུ་གཞོན་ནུ(སློབ་ཆེན་སློབ་མ)དང་དེ་བཞིན་ཕྲན་ཚེགས་ཁེ་ལས་ཀྱི་ལས་གཏོད་དང་མ་འཇོག་ལ་མ་དངུལ་གྱི་རོགས་སྐྱོར་བྱས་ཡོད།

    (པར་ངོས་བཞི་པར་གཟིགས)

    (པར་ངོས་དང་པོར་མཐུད) ཟླ་བ་བཟང་པོའི་ངོས་ནས་བརྗོད་ན། དེ་ནི་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟ་བུ་ཞིག་རེད། སྲིད་གཞུང་གིས་གནང་བའི་རོགས་དངུལ་སྒོར་ཁྲི་10དང་། རང་ཉིད་ཀྱིས་གྲབས་གསོག་བྱས་པའི་སྒོར་ཁྲི་10བཏང་སྟེ་རང་ཉིད་ཀྱིས་བསམ་དོན་བཞིན་ལྷུན་གྲུབ་རྫོང་མགོན་པོ་ཚལ་སྐྱེད་ཚལ་སྔོ་འགྱུར་ཚད་ཡོད་ཀུང་སི་བཙུགས། ན་ནིང་ཟླ་5པར་སླར་ཡང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཀུང་སིས་མ་དངུལ་སྒོར་ཁྲི་98ཟིན་པའི་རྣམ་གྲངས་ཤིག་འགན་གཙང་བླངས།

    རྣམ་གྲངས་དུས་བཀག་ནང་ཚད་ལོན་ལེགས་གྲུབ་བྱུང་བས་ཟླ་བ་བཟང་པོར་མི་ཚེའི་ཁེ་བཟང་དང་པོ་རག དེ་རྗེས་ཟླ་བ་བཟང་པོའི་ཀུང་སིས་རྣམ་གྲངས་སྔར་ལས་མང་བ་བླངས་པས། ཁོང་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ལ་གྱུར།

    དེ་རྗེས་ཟླ་བ་བཟང་པོས་ལྷུན་གྲུབ་ཀྱི་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་7དང་མཉམ་དུ་2018ལོའི་ཟླ་8པར་ལྷུན་གྲུབ་ནོར་བཟང་གླིང་གསོལ་མགྲོན་ཁང་བཙུགས་པ་དང་ཁོང་གིས་གསོལ་མགྲོན་ཁང་གི་ཅིང་ལིའི་འགན་འཁུར།

    “སྲིད་གཞུང་གིས་ང་ཚོར་རོགས་པ་གནང་ནས་གསོལ་མགྲོན་ཁང་གི་མཛེས་བཟོའི་འགྲོ་སོང་དང་ཁང་གླ་མང་ཆེ་བ་སྤྲད་པས། མ་དངུལ་གྱི་དཀའ་གནད་སེལ་ཐུབ་སོང་། སྲིད་གཞུང་གི་རྒྱབ་སྐྱོར་མེད་ན་གསོལ་མགྲོན་ཁང་གཉེར་སྐྱོང་ཐུབ་རྒྱུ་སྤྲོས་བྲལ་རེད”ཅེས་ཟླ་བ་བཟང་པོས་བཤད།

    མིག་སྔར་གསོལ་མགྲོན་ཁང་ལ་ཁང་མིག་13ཡོད་ཅིང་། རྒྱ་ཟས་དང་། ནུབ་ལུགས་ཟ་མ། བོད་ཟས་སོགས་མཁོ་འདོན་བྱེད་པ་དང་། ཟུར་ཁང་དང་། ནུས་པ་མང་བའི་ཚོགས་ཁང་། ཇ་ཁང་སོགས་ཀྱང་ཡོད་པས། ལྷུན་གྲུབ་རྫོང་ནས་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུ་ཐུབ་མཁན་གྱི་གསོལ་མགྲོན་ཁང་གཅིག་པུ་དེ་རེད། “ང་ནི་ད་ལོ་གསོལ་མགྲོན་ཁང་དུ་མ་བྱན་ལ་ཡོང་ཙམ་ཡིན་པས། ད་དུང་དངོས་སྦྱོང་སློབ་མ་དང་ཁྱད་མེད། ཡིན་ནའང་ཟླ་བ་གཅིག་ལ་གླ་ཆ་སྒོར་3000ལྷག་ཙམ་ཡོད་པ་མ་ཟད། ཁྱིམ་དང་ཐག་ཉེ་བས་སྟབས་བདེ་པོ་འདུག”ཅེས་ལོ་20ལ་སླེབས་པའི་གསོལ་མགྲོན་ཁང་གི་མ་བྱན་བསོད་ནམས་ཚེ་རིང་གིས་བཤད།

    ཟླ་བ་བཟང་པོའི་ལས་གཏོད་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་པ་དང་སྦྲགས། ཁོང་གིས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུ་མ་བརྗེད་པར་མི་དེ་བས་མང་བར་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་ཧུར་ཐག་བྱས་ཤིང་། ཁོང་གི་སྐྱེད་ཚལ་སྔོ་འགྱུར་ཀུང་སི་དང་གསོལ་མགྲོན་ཁང་གིས་ཡུལ་དེའི་ཞིང་འབྲོག་མང་ཚོགས་14ལ་ལས་གནས་མཁོ་འདོན་བྱས་ཡོད། “ལྷུན་གྲུབ་རྫོང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་སྦྲགས་ཡུལ་སྐོར་བ་སྔར་ལས་མང་དུ་འགྲོ་བཞིན་འདུག ད་ཆ་ང་ཚོས་གསོལ་མགྲོན་ཁང་གི་ཁང་མིག་མང་དུ་བཏང་ནས་མང་ཚོགས་སྔར་ལས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱེད་རྩིས་ཡོད”ཅེས་ཟླ་བ་བཟང་པོས་གསར་འགོད་པར་བཤད།

    ཟླ་བ་བཟང་པོ་ནི་འབད་འཐབ་བྱེད་མཁན་ཞིག་ཡིན་པ་དང་ཁོང་གི་ཏན་ཏན་ཏིག་ཏིག་གི་བྱེད་ཐབས་འདི་ནི་འབད་འཐབ་ལ་བརྟེན་ནས་ཕུགས་འདུན་མངོན་དུ་འགྱུར་བའི་མཚོན་ཚུལ་དངོས་ཤིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།