[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • བོད་དུ་ཐེངས་གསུམ་བསྐྱོད་ནས་མཁའ་ལམ་བསྐྲུན་པ།

    ཀྲུང་གོ་ལྕགས་ལམ་ཅུས་ལྔ་པ་ཁྲེང་ཏུའུ་ཀུང་སིའི་ལྕགས་ལམ་བཟོ་པ་ཏུའུ་ཧོན་ཚའེ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-17

    “ངས་ཚེ་གང་དཀའ་སྡུག་ཆེ་བའི་ས་ཆར་ལས་ཀ་བྱས་པ་ཡིན། ལམ་སྐྲུན་ནས་ཤར་གཏོང་ཐུབ་ཚེ་མི་རྣམས་གཞི་ནས་སྟབས་བདེའི་ངང་དམིགས་སར་འབྱོར་ཐུབ”ཅེས་ཏུའུ་ཧོན་ཚའེ་ཡིས་འཛུམ་དམུལ་དམུལ་ངང་བརྗོད་པ་དང་། ཁོང་གིས“རྒན་ཡོལ་ཞུས་རྗེས་ང་རང་གྲོང་ཁྱེར་དུ་ལོག་ནས་ནང་མི་དང་མཉམ་དུ་སྡོད་རྒྱུ་ཡིན”ཞེས་བཤད།

    ཏུའུ་ཧོན་ཚའེ་ནི་ལྕགས་ལམ་བཟོ་པ་དཀྱུས་མ་ཞིག་ཡིན་པ་དང་། ཁོང་ལ་གནམ་ས་གཡོ་བའི་བྱ་གཞག་རླབས་པོ་ཆེ་མེད། འོན་ཀྱང“ལྕགས་ལམ་ལས་བཟོ་བ་མི་རབས་གཉིས་པ”འཁྲུལ་མེད་ཅིག་ཡིན་པའི་ཁོང་མཚོ་བོད་ས་མཐོར་ཐེངས་གསུམ་བསྐྱོད་ནས་མཚོ་བོད་ལྕགས་ལམ་གྱི་དུས་ཐེངས་དང་པོ་དང་གཉིས་པ། དེ་བཞིན་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་ཞུགས་པས་གངས་ལྗོངས་ས་མཐོའི་ལྕགས་ལམ་འཕེལ་རྒྱས་ལོ་རྒྱུས་ཀྱི་བདེན་དཔང་བྱེད་ཐུབ།

    ཏུའུ་ཧོན་ཚའེ་དང་ཐོག་མར་ཐུག་སྐབས། ས་མཐོའི་ཉི་འོད་ཀྱིས་འཚིག་ནས་ངོ་གདོང་ནག་པོར་གྱུར་པའི་ཁོང་ལས་རོགས་ཚོ་དང་མཉམ་དུ་ས་འབྲད་འཕྲུལ་འཁོར་ཞིག་བཏང་སྟེ་རྩེད་ཐང་མེ་འཁོར་བབས་ཚུགས་སུ་མཐའ་མའི་གཙང་བཤེར་ལས་དོན་སྒྲུབ་བཞིན་འདུག “མེ་འཁོར་བབས་ཚུགས་ཀྱི་ལས་གྲྭ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། ལེ་ལག་ཚང་སྒྲིག་གི་ལས་གྲྭ་ཁག་གཅིག་ལེགས་གྲུབ་ཟིན་ན་ང་ཚོའི་ལས་འགན་ཡང་མགྱོགས་པོ་མཇུག་འགྲིག་རྒྱུ་རེད”ཅེས་ཏུའེ་ཧོན་ཚའེ་ཡིས་བཤད།

    ལྷ་ཉིང་ལྕགས་ལམ་སྐོར་གླེང་སྐབས། བྱང་ཤར་ས་ནག་ས་ཁུལ་ནས་ཡོང་བའི་བབ་ཆགས་པའི་ཕོ་གཞོན་དེས་གཏམ་གྱི་སྒོ་མོ་ཕྱེ་བ་སྟེ། “ང་རང་2015ལོའི་ཟླ་6པར་བོད་དུ་ཐེངས་གསུམ་པ་ཡོང་ནས་རྣམ་གྲངས་པུའུ་རུ་འབྱོར་བྱུང་། ལྷ་ཉིང་ལྕགས་ལམ་ནི་སྐྲུན་ཁག་ཤོས་ཤིག་མིན་མོད། འོན་ཀྱང་ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་ལ། རང་བྱུང་གནམ་གཤིས་ལའང་འགྱུར་ལྡོག་ཆེན་པོ་འདུག་ཅེས་བརྗོད་ཆོག”ཅེས་བཤད།

    འདི་ལོ་ལོ་57ལ་སླེབས་པའི་ཏུའུ་ཧོན་ཚའེ་ལྕགས་ལམ་འཛུགས་སྐྲུན་གྱི་ལས་ལ་གཞོལ་ནས་ལོ་32སོང་བ་དང་། ཁོང་ནི་བོད་དུ་ཡོད་པའི་ཀུང་སིའི་ལོ་ན་མཐོ་ཤོས་དང་ཉམས་མྱོང་ཕུན་སུམ་ཚོགས་ཤོས་ཀྱི་ལས་བཟོ་པ་རྒན་གྲས་ཤིག་རེད་ལ། རྣམ་གྲངས་པུའུ་གཞན་དུ་རུ་དཔོན་གྱི་འགན་འཁུར་གྱི་ཡོད། ལྷ་ཉིང་ལྕགས་ལམ་རྣམ་གྲངས་པུའུ་རུ་ཐོག་མར་འབྱོར་སྐབས། ཕྱོགས་བསྡུས་རུ་ཁག་བཞི་པའི་རུ་དཔོན་གཞོན་པར་བསྐོ་གཞག་བྱས། དམིགས་བསལ་གྱི་ས་གཤིས་གྲུབ་ཆའི་རྐྱེན་པས་ལས་གྲྭའི་དཀའ་ཚད་དེ་སྔོན་དཔག་ལས་རྦད་དེ་བརྒལ། དུས་བཀག་ལྟར་ལས་ཡུན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་ཆེད། ཁོང་དཀའ་ངལ་ཆེ་ས་དང་ལས་འགན་ལྕི་སར་ལས་སྒྱུར་བྱེད་ཀྱི་ཡོད།

    ལྕགས་ལམ་ལས་ལ་གཞོལ་ནས་ལོ་30ལྷག་ཙམ་སོང་རིང་། ཏུའུ་ཧོན་ཚའེ་ཡིས་དཀའ་ཚེགས་ཆེ་ལ་ཚོད་བགམ་དྲག་པོ་སྣ་ཚོགས་བརྒྱུད་མྱོང་ཡོད། “2001ལོར། བོད་དུ་ཐེངས་དང་པོ་ཡོང་ནས་མཚོ་བོད་ལྕགས་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭར་ཞུགས་སྐབས་ང་ཚོའི་རྣམ་གྲངས་པུའུ་དེ་ཁུ་ནུའི་ཉག་གའི་ཉེ་འགྲམ་དུ་ཡོད། དེ་གར་ས་བབ་མཐོ་ལ་དཀའ་ཚེགས་ཆེ་བ་མ་ཟད། ཨར་ལས་བྱ་ཡུལ་ནི་མི་མེད་ལུང་སྟོང་ཞིག་རེད”ཅེས་ཏུའུ་ཧོན་ཚའེ་ཡིས་བཤད་པ་དང་། ཁོང་གིས“དེ་ནི་ང་རང་འཁྱགས་སའི་སྟེང་ལས་ཀ་ཐོག་མར་བྱས་པ་དེ་ཡིན”ཞེས་བཤད།

    ཨར་ལས་བྱ་ཡུལ་གྱི་མི་མེད་ལུང་སྟོང་ཁུལ་དུ་གཟུགས་པོ་ཐེངས་ཤིག་འཁྲུ་དགོས་བསམ་ན་ལམ་ཐག་སྤྱི་ལེ་200ཙམ་ཡོད་པའི་གོར་མོར་འགྲོ་རྒྱུ་ལས་མ་འདས།

    ཏུའུ་ཧོན་ཚའེ་ཡིས་གསར་འགོད་པར་བོད་དུ་ལས་ཀ་བྱས་ནས་ལོ་མང་སོང་རིང་། བོད་རིགས་མང་པོ་ཞིག་དང་གྲོགས་པོ་འགྲིག་པ་ཡིན། བོད་རིགས་གྲོགས་པོ་དེ་དག་གིས་ངའི་འཚོ་བ་དང་ལས་ཀར་རོགས་རམ་ཡང་མང་པོ་བྱས་བྱུང་ཞེས་བཤད།

    ཆར་རླུང་ཁྲོད་ཕར་རྒྱུག་ཚུར་རྒྱུག་བྱེད་མཁན་གྱི་ལྕགས་ལམ་བཟོ་པ་ཞིག་ཡིན་པའི་ཏུའུ་ཧོན་ཚའེ་སན་མའོ་ལྕགས་ལམ་དང་། ཧར་ཏ་མྱུར་བགྲོད་ལྕགས་ལམ། ཁྲེན་མན་ལེ་མྱུར་བགྲོད་ལྕགས་ལམ། ཤིས་ཁྲེན་མྱུར་བགྲོད་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་དཀའ་གནད་ཆེ་བའི་གཞུང་ལམ་དང་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གྲྭ་30ལྷག་ཙམ་ལ་ཞུགས་ཡོད་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།