[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • མགོན་པོ་རྡོ་རྗེ།

    མི་རིགས་རིག་གནས་རྒྱུན་འཛིན་གྱིས། ལས་གཏོད་ཕུགས་བསམ་སྒྲུབ་ལ་གཞོལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-21

    ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཤར་མ་གྲོང་ཚོར་སྐྱེས་ཤིང་། འདི་ལོ་ལོ་37ལ་སླེབས་པའི་མགོན་པོ་རྡོ་རྗེར་རྒྱལ་ཁབ་རིམ་པའི་ལས་གཏོད་གསོ་སྦྱོང་གི་གསོ་སྦྱོང་དགེ་རྒན་དང་། ཀྲུང་གོ་དྲ་རྒྱའི(དྲ་ཐོག་ཚོང་དོན)ལས་གཏོད་ཀྱི་འཆད་ཁྲིད་དགེ་རྒན། ནག་ཆུ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། བོད་ལུགས་གསོ་རིག་གི་གཙོ་བཅོས་སྨན་པ་སོགས་ཀྱི་མཚན་སྙན་མང་པོ་ཐོབ་ཡོད།

    1989ལོར་ཁྱིམ་རྒྱུད་བོད་སྨན་ཡིན་པའི་སོག་རུ་དཀོན་མཆོག་ཚེ་ཡིས་ལོ་6ལ་སླེབས་པའི་ཚ་བོ་མགོན་པོ་རྡོ་རྗེ་དགེ་ཕྲུག་ཏུ་ཉར་ནས་བོད་ལུགས་གསོ་རིག་འཆད་ཁྲིད་བྱེད་འགོ་བརྩམས། 1997ལོ་ནས་2001ལོ་བར་མགོན་པོ་རྡོ་རྗེས། ལྷ་རི་རྫོང་གི་བོད་ལུགས་གསོ་རིག་གསོ་སྦྱོང་སློབ་གླིང་དུ་བོད་ལུགས་གསོ་རིག་སྦྱངས་པ་མ་ཟད། བོད་ལྗོངས་གསོ་རིག་སློབ་གླིང་དང་ལྷ་རི་རྫོང་སྨན་རྩིས་ཁང་ནས་སྔ་རྗེས་སུ་དངུལ་ཆུ་འདུལ་ཐབས་ཀྱང་སྦྱངས། 2009ལོར་པེ་ཅིང་མི་རིགས་སློབ་ཆེན་ནས་རྒྱ་ཡིག་སྦྱངས་པ་དང་། དེ་རྗེས་ཡང་བསྐྱར་བོད་ལྗོངས་གསོ་རིག་སློབ་ཆེན་དུ་མུ་མཐུད་ཟབ་སྦྱོང་བྱས། ལོ་མང་རིང་མགོན་པོ་རྡོ་རྗེས་སོག་རུའི་རིལ་དམར་སྦྱོར་རྟའི་ལག་རྩལ་རྒྱུན་འཛིན་དང་ཞིབ་འཇུག་ལ་གཞོལ་བ་དང་སྦྲགས། སོག་རུའི་རིལ་དམར་ལ་བརྟེན་ནས་མི་སེར་ཚོར་ནད་བརྟག་སྨན་བཅོས་ཀྱང་བྱས་ཡོད། 2014ལོར་མགོན་པོ་རྡོ་རྗེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སོག་རུའི་རིལ་དམར་གྱི་མཚོན་བྱེད་རྒྱུན་འཛིན་པར་བདམས།

    བོད་ལྗོངས་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། མགོན་པོ་རྡོ་རྗེས་གཞུང་ལས་པའི་ཡིག་རྒྱུགས་ལ་མ་ཞུགས་པར་ལས་གཏོད་བྱ་རྒྱུའི་སེམས་ཐག་བཅད། ལས་གཏོད་ལ་མཁོ་བའི་མ་དངུལ་གྲབས་གསོག་འདང་ངེས་ཡོང་ཆེད། སློབ་མཐར་ཕྱིན་རྗེས་ཀྱི་ལོ་3རིང་། ཁོང་གིས་འཁོར་གསུམ་རྐང་འཁོར་གཏོང་མྱོང་ལ། ཨར་པོ་ཡང་རྒྱུག་མྱོང་ཡོད། ཀུང་སི་ཐོ་འགོད་ཀྱི་མ་དངུལ་སྒོར་ཁྲི་3གྲབས་གསོག་ཐུབ་རྗེས། བོད་ལྗོངས་སོག་རུ་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་བོད་སྨན་གྱི་སྨན་རྒྱུ་ཚོང་གཉེར་ལས་ལ་ཞུགས། “ན་ཟླ་ཚོ་རྩེད་མོར་རོལ་བའི་ཆུང་བྱིས་པའི་དུས་སུ། ཨ་ཁུས་ང་ལ་ཨ་ན་ཨུ་ཚུགས་ཀྱིས་སྨན་གཞུང་བློ་ལ་འཛིན་པ་དང་། རི་སྟེང་དུ་ཁྲིད་དེ་སྨན་རྩྭ་སྣ་ཚོགས་ངོས་བཟུང་བ། སྨན་རྩྭ་འདྲ་མིན་སྣ་ཚོགས་ཀྱི་ཕན་ནུས་ལ་འགྲེལ་བཤད་རྒྱག་པ་བཅས་བྱེད་ཀྱི་ཡོད་པས། སྐབས་དེ་དུས་རང་ཉིད་ལ་སེམས་སྡུག་ཆེན་པོ་ཡོང་གི་ཡོད། ད་ཆ་སྔར་སོང་གི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། ཨ་ཁུ་ཁོང་ནི་དངོས་འབྲེལ་བཀའ་དྲིན་ཆེན་པོ་ཡིན་པ་གཞི་ནས་ཚོར་གྱི་འདུག”ཅེས་མགོན་པོ་རྡོ་རྗེས་བཤད།

    རྒྱུན་འཛིན་པ་ཞིག་ཡིན་པའི་མགོན་པོ་རྡོ་རྗེས།《〈སོག་རུའི་རིལ་དམར་སྦྱོར་རྟའི་ལག་རྩལ་རྒྱུན་འཛིན〉སྐོར་གླེང་བ》སོགས་ཀྱི་དཔྱད་རྩོམ་སྤེལ་བ་དང་། ནག་ཆུ་གྲོང་ཁྱེར་གྱི་བོད་སྨན་སྲུང་སྐྱོང་དང་ཞིབ་འཇུག་མཐུན་ཚོགས་དང་བོད་ལྗོངས་ལྷ་ཆུ་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་སྔ་རྗེས་སུ་བཙུགས་ཡོད། དེ་དང་ཆབས་ཅིག ཁོང་གིས་ད་དུང་སོག་རུའི“རིལ་དམར”སྦྱོར་རྟའི་ལག་རྩལ་རྒྱུན་འཛིན་ལ་གཞོལ་ནས་སློབ་མ་50ལྷག་ཙམ་གསོ་སྐྱོང་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་སུ་གསར་གཏོད་ལས་གཏོད་ཀྱི་མཐོ་རླབས་འཕྱུར་ཞིང་། སློབ་ཆེན་སློབ་མ་དང་ཞིང་འབྲོག་པ་མང་པོ་ཞིག་གིས་ལས་གཏོད་གསར་གཏོད་ཀྱི་མཐོ་རླབས་དེར་ཞུགས་ཡོད་མོད། འོན་ཀྱང་ལས་གཏོད་བྱ་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན། མི་ལ་ལས་སྲིད་ཇུས་གསལ་པོ་མི་ཤེས་པ་དང་། ལ་ལར་ཚོང་གཉེར་དོ་དམ་གྱི་ཉམས་མྱོང་མེད་པ། ལ་ལས་འཕྲལ་མར་རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་པ་བཅས་དང་། ལྷག་པར་དུ་རྒྱ་བོད་སྐད་གཉིས་ཤེས་དགོས་ལ། བོད་ཀྱི་ཁྲོམ་རའི་ཁོར་ཡུག་ལ་རྒྱུས་མངའ་ཡང་ཆེ་བའི་ལས་གཏོད་གསོ་སྦྱོང་དགེ་རྒན་དེ་བས་ཀྱང་མཁོ་གལ་ཤིན་ཏུ་ཆེ།

    ལོ་གཉིས་གོང་ལས་གཏོད་གསོ་སྦྱོང་ལ་ཐེངས་མང་ཞུགས་མྱོང་ལ། ཁྲོམ་རའི་ཉམས་མྱོང་ཡང་ཕུན་སུམ་ཚོགས་པའི་མགོན་པོ་རྡོ་རྗེས་རིམ་པ་བཞིན་གདམ་གསེས་འགྲན་བསྡུར་བརྒྱུད། རྒྱལ་ཁབ་རིམ་པའི་ལས་གཏོད་གསོ་སྦྱོང་གི་གསོ་སྦྱོང་དགེ་རྒན་དང་ཀྲུང་གོ་དྲ་རྒྱའི“དྲ་ཐོག་ཚོང་དོན”ལས་གཏོད་ཀྱི་འཆད་ཁྲིད་དགེ་རྒན་སོགས་ཀྱི་ཐོབ་ཐང་ལག་ཁྱེར་རག་ཡོད། དེ་རྗེས་ཁོང་གིས་སློབ་ཆེན་སློབ་མའི་ལས་གཏོད་བ་དང་ཞིང་འབྲོག་པའི་ལས་གཏོད་བར་ལས་གཏོད་ཀྱི་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་བྱས་ཏེ་ཕུགས་འདུན་ཆེན་པོ་ཡོད་པའི་མི་མང་པོ་ཞིག་ལ་ཕུགས་བསམ་སྒྲུབ་པའི་གཤོག་ཟུང་བསྒར་ཡོད།

    ཆུ་ཤུར་རྫོང་དུ་སློབ་མ་ཚོ་དང་སྤེལ་རེས་བྱེད་སྐབས། ཁོང་གིས་འཇུན་པ་གྲོང་ཚོའི་ཀོ་ཆས་མཉམ་ལས་ཁང་གི་ཐོན་རྫས་ལ་སྲོལ་རྒྱུན་གྱི་ཤན་ཞུགས་དྲགས་པའི་ཁར། བཟོ་ལྟ་ཡང་གཅིག་ཁོ་ན་ཡིན་པས་བྲིན་ཁ་རྒྱུག་པོ་མེད་པའི་གནས་ཚུལ་ཤེས་རྟོགས་བྱུང་། གསོ་སྦྱོང་མཇུག་འགྲིལ་རྗེས། ཁོང་གིས་སྔ་རྗེས་སུ་རླངས་འཁོར་བཏང་ནས་འཇུན་པ་གྲོང་ཚོར་གནས་ཚུལ་ཤེས་རྟོགས་བྱེད་པར་ཐེངས་བཞི་བསྐྱོད་པ་མ་ཟད། ད་དུང་ལྷ་སའི་ཁྲོམ་རར་བརྟག་དཔྱད་ཞིབ་ཚགས་ཀྱང་བྱས།

    “འཇུན་པ་གྲོང་ཚོའི་ཀོ་ཆས་མཉམ་ལས་ཁང་གིས་བཟོས་པའི་ཀོ་ཆས་རྣམས་མི་སེར་གྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་ཡོད་པ་དང་། ཐོན་རྫས་གཅིག་བཟོ་བར་ཀོ་བ་ཆེན་པོ་ཞིག་དགོས་པ། ཡུལ་སྐོར་ཁྲོམ་རར་དམིགས་པའི་ཆུང་ལ་སྤུས་ལེགས་ཀྱི་ཐོན་རྫས་མང་པོ་མེད་པ་བཅས་ཤེས་བྱུང”ཞེས་བརྗོད། ཁོང་གི་གྲོས་འགོའི་འོག་མཉམ་ལས་ཁང་གིས་བོད་བཟོའི་དངུལ་ཁུག་དང་། ལྷ་མོའི་གདོང་འབག་ཆུང་ཆུང་། འདྲ་བཟོས་ཀོ་གྲུ་ཆུང་ཆུང་སོགས་ཡུལ་སྐོར་ལག་ཤེས་ཐོན་རྫས་གསར་པ་བཟོས་པའི་ཁར། ཐོན་རྫས་ཐུམ་སྒྲིལ་བརྒྱབ་པ་དང་འབྲེལ། ཐོན་རྫས་བསྐྱར་དུ་ཇུས་བཀོད་བྱས་ཏེ་ཁྲོམ་རར་བཙོངས་པར་བྲིན་ཁ་རྒྱུག་པོ་བྱུང་སྟེ་མཉམ་ལས་ཁང་གི་དཔལ་འབྱོར་ཡོང་འབབ་ཇེ་མང་དུ་སོང་ཡོད།

    སློབ་ཚན་འཚོག་སྐབས་ཚང་མར་ཤེས་བྱ་སློབ་ཁྲིད་བྱེད་པ་ཕུད། མགོན་པོ་རྡོ་རྗེས་སློབ་ཕྲུག་ཚོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལའང་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། བར་སྐོར་ཚོང་གྲོང་ནི་ལྷ་སའི་ཚོང་ལས་ཁུལ་གསར་པ་ཞིག་རེད། ཚོང་པ་མི་ཉུང་བ་ཞིག་མགོན་པོ་རྡོ་རྗེའི་ལས་གཏོད་གསོ་སྦྱོང་འཛིན་གྲྭར་ཞུགས་ཀྱི་ཡོད། སློབ་མས་སྦྱངས་པ་དག་འཚོ་བ་དངོས་ནང་གོ་ཆོད་མིན་ལ་མགོན་པོ་རྡོ་རྗེར་སེམས་ཁྲལ་ཆེན་པོ་བྱུང་ཞིང་། ཁོང་གིས་ཁོམ་པ་ཡོད་རིམ་བཞིན་བར་སྐོར་ཚོང་ཁྲོམ་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་པ་དང་། དེ་བཞིན་སློབ་མ་ཚོར་ཚོང་གཉེར་བྱེད་རིང་འཕྲད་པའི་དཀའ་ངལ་སྣ་ཚོགས་སེལ་རོགས་བྱེད་ཀྱི་ཡོད། སློབ་མ་ཞིག་གིས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དུ་ལོག་རྗེས་སྤོས་བཟོ་བ་དང་ཕྱིར་ཚོང་བྱེད་པའི་བརྒྱུད་རིམ་ཁྲོད། གནད་དོན་མང་པོ་འཕྲད་ནས་ཁོང་ལ་ཁ་པར་བརྒྱབ་སྟེ་རེ་བ་ཞུས་པར་མགོན་པོ་རྡོ་རྗེས་སེམས་ཁུར་ཆེན་པོ་བྱས་ཡོད། དེས་ན་ཁོང་གིས་རླངས་འཁོར་བཏང་སྟེ་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དུ་སློབ་མ་དེར་དམར་ཁྲིད་བྱེད་པར་བསྐྱོད་ནས་དཀའ་ངལ་སེལ་རོགས་བྱས།

    མགོན་པོ་རྡོ་རྗེར་ཆུང་བྱིས་པའི་དུས་ནས་ཁྱིམ་ཚང་གི་ཤུགས་རྐྱེན་བཟང་པོ་ཐེབས་ནས་དམངས་སྲོལ་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད། དེ་ལས་གསོ་སྦྱོང་དགེ་རྒན་བྱེད་རིང་ཁོང་ལ་ཕན་པ་ཆེན་པོ་ཐོབ། དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་ཡོད་པའི་གསོ་སྦྱོང་ཁང་ཡིན་ནའང་འདྲ། ཡང་ན་ཞིང་ནང་དང་མུ་ཁར་ཡིན་ཡང་རུང་ཁོང་གིས་གང་ས་གང་དུ་སློབ་མ་ཚོར་ལས་གཏོད་སྲིད་ཇུས་སྒྲོག་འགྲེལ་དང་རིགས་པའི་གཞུང་ལུགས་འཆད་ཁྲིད་བྱེད་ཀྱི་ཡོད། ཁོང་གི་སློབ་ཁྲིད་བྱེད་སྟངས་ལ་དམིགས་བསལ་ཁྱད་ཆོས་ལྡན་པ་མ་ཟད། བསྟན་བཤིག་ཚ་པོ་ཡོད་པས་ལས་གཏོད་མཁན་ཚོའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

    res01_attpic_brief.jpg

    མགོན་པོ་རྡོ་རྗེས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང“ཁྱུང”རིག་གནས་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་སྤེལ་རེས་གཏམ་བཤད་བྱེད་བཞིན་པ།

    res10_attpic_brief.jpg

    2017ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལས་གཏོད་གསོ་སྦྱོང་འཆད་ཁྲིད་དགེ་རྒན་གྱི་འགྲན་བསྡུར་སྐབས་དང་པོའི་ཐོག མགོན་པོ་རྡོ་རྗེ(གཡོན་གྱི་བཞི་པ)ཡིས་ཞིབ་དཔྱད་ཨུ་ཡོན་གྱི་མིང་ཐོག་ནས་བྱ་དགའ་ཐོབ་པའི་བདམས་ཐོན་པར་ལག་ཁྱེར་སྤྲོད་བཞིན་པ།

    res13_attpic_brief.jpg

    ལྷ་ས་གྲོང་ཁྱེར་ཀརྨ་དགོན་གསར་ལམ་དུ་ཡོད་པའི“དཔྱད་ཁྲིའི་བོད་ལུགས་སྨན་ཁང”དུ་མགོན་པོ་རྡོ་རྗེས་ནད་པར་རྩ་ལྟ་བཞིན་པ།

    res16_attpic_brief.jpg

    2018ལོར་མགོན་པོ་རྡོ་རྗེ་ནག་ཆུ་གྲོང་ཁྱེར་གྱི་སྐབས་དང་པོའི“བྱང་ཐང་གི་གཞོན་ནུ་ཡག་ཤོས”ལ་བདམས་པ།

    res19_attpic_brief.jpg

    2016ལོར་ལྷ་སར་གཉེར་བའི“ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ལས་པུའི་གྲོང་གསེབ་ཀྱི་གོ་ཆོད་འཇོན་ཐང་ཅན་དང་། སྣེ་ཁྲིད་པ། སློབ་ཆེན་ཐོན་པའི་གྲོང་དཔོན་བཅས་ཀྱི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ”རུ་མགོན་པོ་རྡོ་རྗེས་སློབ་ཁྲིད་བྱེད་བཞིན་པ།

    res04_attpic_brief.jpg

    བོད་ལྗོངས་ལྷ་སའི་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་ཚོགས་འདུའི་ཐོག མགོན་པོ་རྡོ་རྗེས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ལ་བོད་ཀྱི་དམངས་སྲོལ་རིག་གནས་ངོ་སྤྲོད་བྱེད་བཞིན་པ།

    res07_attpic_brief.jpg

    2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་གསོ་སྦྱོང་བྱ་ཡུལ་དུ་མགོན་པོ་རྡོ་རྗེས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཞིང་འབྲོག་མང་ཚོགས་ལ་སློབ་ཁྲིད་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།