[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • བསམ་པའི་གསོས་སུ་སྨིན་པའི་གཞས་མ་གཏམ། དམངས་ཁྲོད་ཞིང་སར་བཞད་པའི་སྒྱུ་རྩལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-21

    res01_attpic_brief.jpg

    འདི་ནི་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པའི་འཁྲབ་སྟོན་པས་གཞས་གཏོང་བཞིན་པ།

    res04_attpic_brief.jpg

    འདི་ནི་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པའི་འཁྲབ་སྟོན་པས“ལྷ་སའི་ནང་མ་དང་སྟོད་གཞས”ནང་སྦྱོང་བྱེད་བཞིན་པ།

    res07_attpic_brief.jpg

    འདི་ནི་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པའི་འཁྲབ་སྟོན་པས་ཞབས་བྲོ་སྦྱོང་བཞིན་པ།

    res10_attpic_brief.jpg

    འདི་ནི་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པའི་འཁྲབ་སྟོན་པས་རྫོང་རྒྱབ་ཀླུ་ཁང་དུ་རང་ལྗོངས་ཀྱི་གསར་གཏོད་ལས་གཏོད་སྐོར་གྱི་འཁྲབ་ཚན་ཐུང་ངུ《སྟོང་གཏམ་བཤད་པ་མིན》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།

    res13_attpic_brief.jpg

    འདི་ནི་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པའི་འཁྲབ་སྟོན་པས“འཁྲབ་སྟོན་གྱི་གཞས་ཚིག”ཕབ་འཇུག་བྱེད་བཞིན་པ།

    res16_attpic_brief.jpg

    འདི་ནི་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པའི་འཁྲབ་སྟོན་པ་2019ལོའི་ལྷོ་ཁ་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་སུ་ཞུགས་སྐབས་ཀྱི་དྲན་རྟེན་པར་ཡིན་པ།

    “ང་ཚོའི་སྒྱུ་རྩལ་ཚོགས་པ་ནི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་ལས་གཏོད་ཀྱི་ཀུང་སི་ཞིག་ཡིན་ཞིང་། མི་རིགས་ཀྱི་རིག་གནས་བརྒྱུད་བསྒྲགས་དང་བོད་ཀྱི་གཞས་མ་གཏམ་གྱི་སྒྱུ་རྩལ་དར་སྤེལ་གཏོང་རྒྱུ་ལྟེ་བར་འཛིན་གྱི་ཡོད”ཅེས་བོད་ལྗོངས་ཧ་ཧུ་རོལ་རྩེད་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིའི་ལག་བསྟར་ཏུང་ཧྲི་དང་ཁྲིམས་མི་རྒྱལ་མཚན་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས།

    རྒྱལ་མཚན་ཕུན་ཚོགས་ནི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ནས་ཡིན་ཞིང་། བོད་ལྗོངས་སློབ་ཆེན་གྱི་སྙན་སྒྲོན་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ཆུང་དུས་ནས་གཞས་མ་གཏམ་སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་ཁོང་སློབ་ཆེན་འགྲིམ་སྐབས་རང་གི་འཇོན་ཐང་ཐོག་མར་ངོམ་རྒྱུ་བྱུང་བ་སྟེ། བོད་ལྗོངས་སློབ་ཆེན་གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པའི་འགན་འཁུར་བར་གྱུར་པ་མ་ཟད། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་ལ་ཐེངས་ཁ་ཤས་ཞུགས་མྱོང་ཡོད།

    2017ལོར། སློབ་ཆེན་ཐོན་རྗེས་རྒྱལ་མཚན་ཕུན་ཚོགས་ཀྱིས་ལས་གཏོད་ཀྱི་ཕུགས་འདུན་འཆང་བཞིན་དུ་ཨེ་ཉི་མ་ཚེ་རིང་དང་། ནོར་བུ་རྡོ་རྗེ། རྡོ་རྗེ་གྲགས་པ་སོགས་བོད་ཀྱི་གྲགས་ཅན་གཞས་མ་གཏམ་སྒྱུ་རྩལ་མཁས་ཅན་རྒན་གྲས་ཀྱི་རྒྱབ་སྐྱོར་དང་ནང་མིའི་སྐུལ་ལྕག་འོག 2018ལོའི་ཟླ་དྲུག་པར་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་སྒྱུ་རྩལ་ཚོགས་པ་བཙུགས་པ་རེད།

    ཀུང་སི་བཙུགས་མ་ཐག་མི་200ལྷག་ཙམ་གདན་ཞུ་བྱས་པ་དང་། ཡིག་རྒྱུགས་དང་། ངོ་རྒྱུགས། ཚོད་ལྟའི་པར་ལེན་སོགས་རིམ་པ་མང་པོའི་གདམ་གསེས་བརྒྱུད། མཐར་མི་20བསྡུས་པ་དང་། དེའི་གྲས་ཀྱི་མི་16ནི་སློབ་ཆེན་སློབ་ཐོན་སློབ་མ་ཡིན་ཞིང་། དེ་བྱིངས་ཀྱི་མི་བཞི་པོ་ནི་གཞི་རིམ་གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནས་ཡིན་པ་རེད།

    2018ལོར། བོད་ལྗོངས་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ཆུང་དུས་ནས་གཞས་མ་གཏམ་སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་ཕུན་ཚོགས་དབང་མོ་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་སྒྱུ་རྩལ་ཚོགས་པར་ཚུད་པ་མ་ཟད། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་2019ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་ཀྱི་གར་སྟེགས་སུ་འཁྲབ་སྟོན་བྱ་རྒྱུའི་སྐལ་བ་བཟང་པོ་ཐོབ་ཅིང་། དགོད་བྲོའི་གཏམ་གླེང《དགུ་ཐུག་ཆོབ་གླེང》ནང་བུ་མོ་འཁྲབ་པས་རྒྱ་ཆེའི་གཟིགས་མོ་བར་གྲུང་ཤ་དོད་ལ་སྤྱང་གྲུང་འཛོམས་པའི་བུ་མོ་ཞིག་གི་བག་ཆགས་ཟབ་མོ་བཞག་ཡོད།

    “ང་ཚོགས་པ་འདིར་ཞུགས་དོན་ནི་ཕ་མའི་སྐུལ་ལྕག་ལས་བློ་སྟོབས་སྐྱེས་བྱུང་། གཞས་མ་གཏམ་སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་ཕུགས་འདུན་དོན་གཉེར་བ་མང་པོ་ཞིག་དང་མཉམ་དུ་སློབ་སྦྱོང་དང་འཚར་ལོངས་ཡོང་བ་ནི་སྤྲོ་སྣང་གིས་ཁེངས་པའི་བྱ་བ་ཞིག་ཅི་ལ་མིན”ཞེས་ཕུན་ཚོགས་དབང་མོས་བཤད།

    ཚེ་རིང་ལྷ་མོར་བོད་ཀྱི་དགོད་བྲོའི་གཏམ་གླེང་འཁྲབ་མཁས་ཤོས་ཀྱི་བུད་མེད་ཅིག་རེད་ཅེས་བརྗོད་ཅིང་། གར་སྟེགས་ཐོག་ལོ་བཅུ་ལྷག་ཙམ་འཁྲབ་སྟོན་བྱེད་མྱོང་ཡོད། དེ་སྔ་ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པར་ཞབས་བྲོའི་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་མྱོང་ཡོད། “ངའི་ངོས་ནས་བཤད་ན་ཞབས་བྲོ་འཁྲབ་པར་དཀའ་ངལ་ཡོད་ཀྱང་། དགོད་བྲོའི་གཏམ་གླེང་ཤོད་པ་དང་འཁྲབ་ཚན་ཐུང་ངུ་འཁྲབ་པར་ལོ་ན་མཐོ་ཡང་གོ་སྐབས་ཡོད”ཅེས་ཚེ་རིང་ལྷ་མོས་རང་ཉིད་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་སྒྱུ་རྩལ་ཚོགས་པར་ཞུགས་པའི་ཐོག་མའི་བསམ་འདུན་བཤད།

    འདི་ལོ་ལོ་23ལ་སླེབས་པའི་ཕུར་བུ་ཚེ་རིང་ལ་གཞི་རིམ་སྒྱུ་རྩལ་ཚོགས་པར་ལོ་གསུམ་ཙམ་འཁྲབ་སྟོན་བྱས་པའི་ཉམས་མྱོང་ཡོད་ཅིང་། ཕ་ཡུལ་ལྷོ་ཁའི་སྲོལ་རྒྱུན་གཉེན་སྟོན་གྱི་སྐབས་སུ་ཆེད་མིས(ལྷོ་ཁའི་ཡུལ་དུ་ཞང་ཆེན་ཞེས་འབོད)མནའ་མ་ཁྱོ་གའི་ནང་དུ་སྐྱེལ་མ་ཞུ་བའི་ལུགས་སྲོལ་ཡོད། ཁྱོ་གའི་ཁྱིམ་ཚང་མཐོང་སྐབས་ཞང་ཆེན་གྱིས་དེ་གའི་རི་ཀླུང་ཀུན་གྱི་མཛེས་ཆོས་ལ་བཤད་པ་རྒྱག་པ་དང་། ཁྱོ་ག་ཐུག་དུས་མནའ་མ་ཕྱི་ནང་ལས་ཀར་བྱང་ཆུབ་པ་མ་ཟད། གཤིས་རྒྱུད་འཇམ་པོ་ཡོད་ལུགས་ཤོད་པ་མ་ཟད། ད་དུང་སྒོ་འཛུལ་སྐབས་མིག་མདུན་དུ་འཆར་བའི་ཅ་དངོས་ཡོད་དོ་ཅོག་ལ་བཤད་པ་རྒྱག་གི་ཡོད། ཕ་མེས་ཚོའི་ངག་འགྲོས་རྒྱུན་འཛིན་བྱས་ནས་གཉེན་སྟོན་གཤོམ་སྟངས་དང་བཤད་པའི་ཚིག་རྣམས་ཕུར་བུ་ཚེ་རིང་ལ་བསླབས་ཡོད། ཁོང་གིས་དེ་དག་རེ་རེ་བཞིན་ཡིག་ཐོག་ཏུ་བཀོད་ཡོད། བོད་ལྗོངས་ཧ་ཧུ་གཞས་མ་གཏམ་སྒྱུ་རྩལ་ཚོགས་པས་ཕུར་བུ་ཚེ་རིང་ལ་གཤོག་རྩལ་ངོམ་པའི་གར་སྟེགས་བཏོད་པས། བོད་ཀྱི་མངོན་མིན་རིག་གནས་ཤུག་བཞག་གར་སྟེགས་ཐོག་འཁྲབ་ནས་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་བསྐྱར་དུ་མངོན་པར་བྱ་རྒྱུ་རེད།

    བོད་ལྗོངས་ཧ་ཧུ་གཞས་མ་གཏམ་སྒྱུ་རྩལ་ཚོགས་པ་བཙུགས་རྗེས་ལྗོངས་ཕྱི་ནང་གི་ཆེད་ལས་དགེ་རྒན་གདན་དྲངས་ནས་ཚོགས་པའི་ཁོངས་མིར་དུས་ཡུན་ཟླ་བ་བཞིའི་རིང་ཆེད་ལས་གསོ་སྦྱོང་བྱས་པ་རེད། ཆེད་ལས་ཤེས་བྱ་གསོ་སྦྱོང་བྱེད་པའི་རྨང་གཞིའི་ཐོག་ད་དུང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལྷ་མོ་དང་། བླ་མ་མ་ཎི། གཞས་ཆེན། མི་རིགས་ཀྱི་རོལ་ཆ་དང་ཞབས་བྲོ་སྣ་ཚོགས་གསོ་སྦྱོང་བྱས་པ་མ་ཟད། ད་དུང་ནང་སའི་སྨྱུག་རོལ་མགྱོགས་གཏམ་དང་སྒྲུང་གཏམ་སོགས་གསོ་སྦྱོང་བྱས་པ་རེད།

    འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་སྒྱུ་རྩལ་ཚོགས་པས་གཞི་རིམ་དུ་འཁྲབ་སྟོན་བྱེད་པའི་ལམ་དུ་ཆས། ཚོགས་པས་གསར་རྩོམ་བྱས་པའི་འཁྲབ་ཚན་ཐུང་ངུ《རྒྱུན་དུ་ཁྱིམ་ལ་ལོག》ཅེས་པ་འཁྲབ་སྟོན་བྱས་པས། གཟིགས་མོ་བ་མང་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཡོད། འཁྲབ་ཚན་ཐུང་ངུའི་ནང་ལས་གཏོད་ཕོ་གསར་ཞིག་ཁྱིམ་དུ་ལོ་གསར་གཏོང་བར་འགྲོ་བའི་གཏམ་རྒྱུད་བཀོད་ཡོད།

    ད་ཆ་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་སྒྱུ་རྩལ་ཚོགས་པས《“སྣང་ཆེན་བཞི་དང་དགའ་ཞེན་བཞི”》སོགས་ལེ་ཚན་50ཙམ་གསར་རྩོམ་བྱས་ཡོད། ལེ་ཚན་རེ་རེར་འཁྲབ་གཞུང་རྩོམ་པ་པོའི་དཀའ་སྤྱད་ཀྱི་རྔུལ་ཆུ་འདུས་ཡོད། འཁྲབ་ཚན་ཐུང་ངུ《རླངས་འཁོར་སྦྱོང་བ》ཞེས་པར་ཆ་བཞག་ན། བསྟན་བཤིག་ཚ་བའི་སྐད་ཆར་བརྟེན་ནས་ལུགས་དང་མ་མཐུན་པར་ཁ་ལོ་བའི་ལག་ཁྱེར་ལེན་མཁན་ཚོར་ཟུར་ཟ་དང་འཕྱ་སྨོད་བྱས་པ་མ་ཟད། ཚང་མར་སྒྲིག་བཀུར་ཁྲིམས་སྲུང་བྱེད་དགོས་པའི་སློབ་གསོ་བརྒྱབ་ཡོད། “བརྩམས་ཆོས་ཡག་པོ་རྩོམ་ཆེད་ང་ཚོས་ཆེད་མངགས་ཁ་ལོ་བའི་སློབ་གྲྭ་མང་པོ་ཞིག་ཏུ་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་དེ། ཁ་ལོ་བའི་དགེ་རྒན་དང་སློབ་མའི་དབར་སྤེལ་རེས་ཟབ་མོ་བྱས་པ་ལས། རང་སྣང་གང་ཤར་གྱིས་གསར་རྩོམ་བྱས་པ་ཞིག་མིན་སྟབས། མི་སེར་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད”ཅེས་རྒྱལ་མཚན་ཕུན་ཚོགས་ཀྱིས་བཤད།

    མིག་སྔའི་བར་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་སྒྱུ་རྩལ་ཚོགས་པས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་2019ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་སུ་དགོད་བྲོའི་གཏམ་གླེང《དགུ་ཐུག་ཆོབ་གླེང》དང《རླངས་འཁོར་སྦྱོང་བ》འཁྲབ་པ་ཕུད། ལྷོ་ཁ་བརྙན་འཕྲིན་ལས་ཁུངས་ཀྱི་2019ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་སུ་དགོད་བྲོའི་གཏམ་གླེང《དགེ་ཕྲུག་བསྡུ་བ》དང་འཁྲབ་ཚན་ཐུང་ངུ《ཁྱེད་རང་བཞུགས་དང》དང《རྒྱུན་དུ་ཁྱིམ་ལ་ལོག》ཅེས་པ་འཁྲབ་ཡོད། ལྷ་ས་བརྙན་འཕྲིན་ལས་ཁུངས་ཀྱི་2019ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་སུ་དགོད་བྲོའི་གཏམ་གླེང《ངག་སློབ་དཔེ་སྟོན》འཁྲབ་ཡོད། མངའ་རིས་ས་ཁུལ་བརྙན་འཕྲིན་ལས་ཁུངས་ཀྱི་2019ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་སུ་དགོད་བྲོའི་གཏམ་གླེང《དགའ་འབོད་ཀྱིས་ཁེངས》ཞེས་པ་འཁྲབ་སྟོན་བྱས་པ་མ་ཟད། ད་དུང་གཤམ་སྐྱོད་འཁྲབ་སྟོན་ཐེངས་80ལྷག་ཙམ་བྱས་ཡོད།

    “ང་ཚོས་རིག་རྩལ་བརྩམས་ཆོས་ལ་བརྟེན་ནས་སྤྲོ་སྣང་དང་ཡར་ཐོན་གྱི་རིན་ཐང་ལྟ་བ་བརྒྱུད་སྤྲོད་བྱས་ཏེ་མི་རྣམས་ལ་ཀུན་སྤྱོད་ཀྱི་བརྡར་ཤ་གཅོད་ཤུགས་དང་ཀུན་སྤྱོད་ལྡན་ན་གཟི་བརྗིད་ཡིན་པའི་བསམ་བློ་ཤུགས་ཆེར་བཏང་ནས་ཀུན་སྤྱོད་ལ་སྣང་ཆེན་དང་ཀུན་སྤྱོད་སྲུང་བའི་འཚོ་བ་སྐྱེལ་རྒྱུར་རེ་སྨོན་དང་དོན་གཉེར་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད། འདི་ནི་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པ་འཛུགས་པའི་ཐོག་མའི་བསམ་འདུན་ཡིན། ཚོགས་པ་འཛུགས་མཁན་གྱི་གྲས་ཡིན་པའི་ནོར་བུ་རྡོ་རྗེས“ང་ཚོས་འབད་བརྩོན་བྱས་ནས་བོད་ཀྱི་གཞས་མ་གཏམ་སྒྱུ་རྩལ་གྱི་ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཏེ་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་། ཕུལ་བྱུང་གི་སྲོལ་རྒྱུན་མི་རིགས་རིག་གནས་རྒྱུན་འཛིན་ཡག་པོ་བྱས་ཏེ་བོད་ཀྱི་ཉམས་འགྱུར་ལྡན་པའི་གཞས་མ་གཏམ་ཚོགས་པ་འདི་ཉིད་ཏེ་ཡུན་ཧྲི་དགོད་བྲོའི་གཏམ་གླེང་ཚོགས་པ་དང་། ཤིས་ཧ་པའོ་ཧྥུ་ཕུའུ་སྤྲོ་གར་ཚོགས་པ། ཁའེ་ཤིན་མཱ་ཧྭ་འཁྲབ་སྟོན་ཚོགས་པ་བཅས་དང་འདྲ་བར་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ཐུབ་པའི་རེ་བ་ཡོད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།