[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • བརྩམ་སྒྲུང《གཙུག་གཡུ》ལས་འཕྲོས་པའི་གཏམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   འཔལ་ལྡན།    |    སྤེལ་དུས།   2019-05-24

    ལོ་ངོ་བཅུ་གྲངས་ཀྱི་སྔོན་དུ་ཕྲན་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོར་སློབ་གཉེར་ལ་གནས་པའི་དུས་ཤིག་ན་རྩོམ་པ་པོ་གླང་མདུན་དཔལ་འབྱོར་གྱི་ལྗགས་རྩོམ་《མེ་ཏོག་ལྡུན་རའི་ནང་གི་ཀླན་ཀ》ཞེས་པ་མིག་ལམ་དུ་མཇལ་སྐལ་བྱུང་ཞིང་། ཡང་མི་རིང་བར་ཁོང་གི་བརྩམས་བྱ《གཙུག་གཡུ》ཞེས་པ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ཐོག་མཇལ་ཅིང་དངོས་གནས་བདུད་རྩི་ཇི་བཞིན་འདྲེན་བྱེད་ཀྱི་ལོངས་སྤྱོད་དུ་གྱུར། ཉེ་སྔོན་སྔར་ལྟ་འདོད་ཀྱི་འདུན་པ་དྲག་པོ་སྐྱེས་པ་ལྟར་མགོ་མཇུག་ཚང་མ་ཞིག་ཞིབ་ལྟ་བྱས་པ་ན། སྔོན་ཚོད་དང་མི་འདྲ་བའི་བྲོ་བཅུད་ངོ་མཚར་དང་ལྡན་པ་འདུག་ཅིང་རང་གི་མྱོང་འཆར་ཅུང་ཟད་ཅིག་ཞུ་བར་འདོད།

    དཔའ་ལྡན་དང་ཨ་ཕ་ཕུན་ཚོགས། བདེ་སྐྱིད། ཨ་ཕ་བཀྲ་ཤིས་བཅས་དང་། བདག་མེད་ཕྲུ་གུ་འཁྱམ་པོ་ཞིག་ལས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ནང་གནས་པའི་ཞིང་བྲན་ཚོའི་ཡ་ང་བའི་འཚོ་བ་དག་ཇི་བཞིན་དུ་མཚོན་པ་དང་། ལར་སེམས་པ་བཟང་ཞིང་ཀུན་སྤྱོད་ལེགས་པའི་བུ་མོ་ཡེ་ཤེས་མཁའ་འགྲོ་དང་མི་འདྲ་བའི་གསལ་སྒྲོན་ལགས་ཞེས་པའི་དགེ་སྡིག་སྣང་བ་ཡེ་ནས་བྲལ་ཞིང་སྒེར་སེམས་ཁོ་ནའི་དབང་དུ་གྱུར་པའི་བུད་མེད་བརྣབ་སེམས་ཅན་དེ་དང་། བཀས་བཀོད་རྒྱུད་འཛིན། ཞིང་བྲན་ལམ་ལུགས་ཀྱི་འགོ་བ་མདའ་དཔོན་དང་། མི་དཔོན་ས་དབང་ལ་སོགས་པ་ངན་རྒུ་ཚང་བྱོལ་སོང་དང་གཉིས་སུ་མེད་པའི་རིགས། རྐུན་ཇག་གི་ཚུལ་དུ་གནས་པའི་ཚོང་པ་དབང་འདུས་ལ་སོགས་བརྩམས་བཞེངས་མི་སྣ་དུ་མའི་གཟུགས་བརྙན་རྣམས་དངོས་གནས་ཇི་བཞིན་དུ་བཀོད་འབྲི་གནང་ཡོད་པ་ན། ལོ་རབས་དྲུག་ཅུ་བ་མན་དུ་སྐྱེས་ཤིང་འཚར་བའི་སྐྱེ་བོ་བདག་དང་བདག་འདྲར་དེང་དང་ཡོངས་སུ་མི་མཐུན་པའི་སྤྱི་ཚོགས་ཤིག་ངོ་སྤྲོད་གནང་ཡོད་པ་ནི་བརྩམས་ཆོས་དེའི་གྲུབ་འབྲས་ཡིན་པར་བསམས།

    ཀློག་པ་པོ་ཁོ་བོ་ལྟར་ན། བོད་ཞི་བའི་བཅིངས་བགྲོལ་བཏང་ཚུལ་ཐོན་པའི་བོད་ཀྱི་སྤྱི་ཚོགས་འཚོ་བའི་ལོ་རྒྱུས་ལྷུག་པོར་བརྗོད་པོའི་མོད་ལ་བོད་ཀྱི་ཕུལ་བྱུང་རྩོམ་རྩལ་རྒྱུན་འཛིན་གནང་བ་གང་ཞིག་དེང་རབས་ཀློག་པ་པོའི་བློ་དང་འཚལ་པའི་ཚིག་འཁྲི་སྐམ་པོ་མེད་པས་ན་དེས་བོད་ཀྱི་དེང་དུས་རྩོམ་རིག་ལ་སྐུལ་ལྕག་ཤུསག་ཆེ་ཐེབས་ཡོད་པས། མཁས་དབང་དོན་གྲུབ་རྒྱལ་གྱི《ལང་ཚོའི་རྦབ་ཆུ》འམ《ཤ་དང་རུས་པའི་བརྩེ་དུང》སོགས་དང་གཉིས་སུ་མེད་པའི་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་ཡོད། བོད་ཡིག་གི་སྒྲུང་གཏམ་འབྲི་མཁན་ཚོས《གཙུག་གཡུ》ལས་དམངས་གཤིས་ལྡན་ལ་མཁས་ཕལ་གཉིས་ལ་བྲོ་མྱོང་ཡོད་ཐོན་པའི་སྒྱུ་རྩལ་ཐབས་བཀོད་དེར་མཐོང་ཆེན་འཚལ་ཏེ། དཔེར་ན་བརྩམས་ཆོས་ཀྱི་མཇུག་བསྡུ་མཚམས་སུ་“ཉམས་ཆུང་བུ་མོའི་སྒལ་པ། །ས་དང་རྡོ་ཡིས་མནན་ནས། །དབྱར་དགུན་སྟོན་དཔྱིད་མེད་པར། །ཉི་མ་ཕོག་རྒྱུ་མི་འདུག །”ཅེས་པ་སོགས་ཀྱི་ལཞས་ཚིག་དོན་དང་འབྲེལ་ཚགས་པ་དང་། “ཀ་ཁ་སློབ་པའི་དུས་ནས་ལེགས་འདྲིས་པའི། །ཁ་ཞེ་གཉིས་མེད་བརྩེ་བའི་སྨོན་འདྲིན་ཅན། །ག་དུས་མཇལ་བའི་ཉིན་ཞིག་ཨེ་ཡོང་སྙན། །ང་ནི་ཉིན་མཚན་ཀུན་དུ་སེམས་པ་གདུངས། །”ཞེས་པ་ཀ་བཤད་ལ་སོགས་ཉན་ན་སྤྲོ་བ་དང་། “རྩུབ་པོ་ཤིང་ལ་མི་འགྲོ། འཇམ་པོ་བལ་ལ་མི་འགྲོ།”“ཁྱི་ཁོག་སྤྲང་པོས་ལོན་ནས་རྒྱུག་པ་འཕྲེད་གཟེར”ཞེས་པ་སོགས་བོད་མིའི་གཏམ་དཔེ་སྙིང་བཅུད་ཅན་དཔེ་རང་དོན་ལགནས་ཤིང་དམངས་ནས་བླངས་ཏེ་སྤྱི་ཚོགས་རིམ་གྲས་ཀུན་ལ་སྤྲད་གནང་བ་འདི་གཅེས་སུ་སྣང་། །

    མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས་པའི《ནགས་ཀློང་ཁུ་བྱུག་འདུ་གནས》ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།