[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • སྒྲུང་གཏམ་རིང་པོ《གཙུག་གཡུ》བཀླགས་པའི་མྱོང་ཚོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   རྣམ་སྲས།    |    སྤེལ་དུས།   2019-05-24

    དེང་རབས་ཀྱི་སྒྲུང་གཏམ་རིང་པོ་སྟེ་བློ་མཐུན་དཔལ་འབྱོར་གྱིས་བྲིས་པའི《གཙུག་ཡུལ》ཞེས་པ་དེ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་རིང་གི་སྐད་ལ་བརྟེན་ནས་བརྩམས་པའི་སྒྲུང་གཏམ་ཡིང་གྲས་ཀྱི་ཐོག་མ་ཡིན་པ་དང་། དེས་བོད་ཀྱི་དུས་སྐབས་གསར་བའི་རྩོམ་རིག་གི་སྐྱེད་མོས་ཚལ་དུ་བཀྲག་མདངས་རྣམ་པར་བཀྲ་ཞིང་དྲི་བསུང་ཀུན་ཏུ་འཐུལ་བའི་མེ་ཏོག་གསར་བ་ཞིག་བཞད་པར་བྱས་སོ། །རྩོམ་པ་པོས་བོད་ཀྱི་གནའ་རབས་སྒྲུང་གཏམ་དག་གི་དགེ་མཚན་དང་ཉམས་འགྱུར་ལྷུར་བླངས་ཐོག་དེང་རབས་སྒྲུང་གཏམ་གསར་བའི་མཚོན་སྟངས་སྣ་ཚོགས་སྨྱུག་རྩེར་བསྟེན་ནས་བརྩམས་ཆོས་ནང་གི་མི་སྣ་སོ་སོའི་གཤིས་ལུགས་དང་ཀུན་སྤྱོད། བསམ་སྤྱོད་བཟང་ངན་ཐ་དད་དུ་གྱུར་པ་རྣམས་ལས་བྱུང་བའི་འགལ་འདུ་དེ་རླུང་གི་གཡོས་པའི་རྒྱ་མཚོའི་རྦ་རླབས་ཇི་ལྟར་རིམ་བཞིན་རྙོག་འཛིང་ཚ་བ་དང་ཛ་དྲག་ཏུ་སོང་བའི་ཐོག་ནས་ཉམས་དང་ལྡན་པའི་སྒོ་ནས་བྲིས་ཡོད་པ་དང་། གཏམ་རྒྱུད་ཧྲིལ་བོའི་འགལ་འདུ་ཐོག་མར་བྱུང་ཚུལ་དང་། བར་གྱི་འཕེལ་རིམ་ལ་མི་རྣམས་འཚབ་འཚུབ་དང་། མི་སྣའི་གནས་བབ་དང་བྱ་སྤྱོད་ལ་སེམས་ཁྲལ་དང་ཡང་ན་ཁོང་ཁྲོ། འགའ་ཞིག་དགའ་འབོད་དང་རེས་འགའ་སྙིང་ཚིམ་བྱེད་དགོས་པ་དང་། མཐའ་མའི་མཇུག་སྒྲིལ་སྟངས་དེ་དངངས་འཚབ་ཀྱིས་མནར་བའི་ཀློག་པ་པོའི་སེམས་པ་ལྷོད་ཤིག་ཏུ་འགྲོ་མི་ཐུབ་ནའང་རེ་བའི་ས་བོན་གསོན་པོ་ཞིག་སྦས་པའི་ཟོལ་གྱིས་བྲིས་ཡོད་པས་སྒྲུང་གཏམ་དེ་གཟིགས་པའི་རྗེས་ལ་ཡིད་ཀྱི་དབང་བོ་ཅིག་ཅར་དུ་མི་འཕྲོག་པ་མི་སྲིད་པའི་སྒྱུར་རྩལ་གྱི་རང་བཞིན་ལྡན་ཡོད།

    སྒྲུང་གཏམ་འདིའི་མཚོན་དོན་ནམ་ནང་དོན་གྱི་ཆ་ནས་བོད་ཀྱི་སྤྱི་ཚོགས་རྙིང་བའི་སྐབས་དཔོན་འབངས་མཐོ་དམན་བར་མའི་མི་རྣམས་བཟང་ངན་སྣ་ཚོགས་ཀྱིས་འབྲེལ་ཚུལ་ལམ། དེ་དག་གི་བསམ་སྤྱོད་སོགས་སྤྱི་ཚོགས་ཀྱི་སྣང་ཚུལ་ཁྱབ་ཆེ་ཙམ་མཚོན་པའི་སྒོ་ནས་མུན་ནག་གི་ཕྱོགས་ལ་ཐེར་འདོན་དང་། བཙན་དབང་དང་ཁྲིམས་མེད་ལ་འཕྱ་སྨོན། རང་དབང་དང་འདྲ་མཉམ་ཁྲིམས་ཡོད། བདེ་སྐྱིད་ཀྱི་འཚོ་བ་བཅས་ལ་རེ་སྙེག་བྱེད་པ་མ་ཟད། སྔར་སྲོལ་དུས་སྟོན་ཁག་གི་བྱེད་སྒོ་འགའ་ཞིག་ཀྱང་མངོན་པར་མཚོན་པས་སྤྱི་ཚོགས་དེར་ཆ་རྒྱུས་ཡོད་པའི་མི་རྣམས་དང་སྤྱི་ཚོགས་ཞིབ་འཇུག་པ་རྣམས་ཀྱི་ཐུགས་ལ་འབབ་པའི་གསར་རྩོམ་ཡག་ཤོས་ཤིག་རེད།

    གཤམ་དུ་སྒྲུང་གཏམ་འདི་བཀླགས་པའི་མྱོང་ཚོར་དངོས་དེ་དོན་འགར་བགོས་ནས་བཤད་པར་བྱ་སྟེ།

    ༡.བོད་མིའི་ཕྱིར་མི་ལྡོག་པའི་དད་སེམས་མཚོན་པ།

    བོད་དུ་ནང་བསྟན་དར་བ་དང་སྒོས་སུ་མཐོ་རིམ་སྲིད་འཛིན་ཚོགས་པས་ནང་བསྟན་རྒྱ་ཆེར་སྤེལ་ཅིང་ཆོས་ཁྲིམས་མང་པོ་ཞིག་རྒྱལ་ཁྲིམས་ལྟ་བུར་བཀུར་བས་ཆོས་ལུགས་ཀྱི་འདུ་ཤེས་མང་པོ་ཞིག་སྤྱི་བའི་གོམས་སྲོལ་དང་མི་རྣམས་ཀྱི་ཀུན་སྤྱོད་འདུ་ཤེས་སུ་གྱུར་ཅིང་། དེ་བཞིན་དུ་བོད་མིའི་སེམས་གཏིང་ནས་ཚུར་སྣང་བྱས་པའི་འཇིག་རྟེན་དེའང་ནང་བསྟན་གྱི་ཆོས་གཞུང་སོ་སོ་དང་གཉིས་སུ་མ་མཆིས་ཏེ། འཇིག་རྟེན་དེའི་སྟེང་འཚོ་བ་ནི་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་གསོག་པ་ལས་བདེ་བའི་གོ་སྐབས་ནི་ནམ་ཡང་མི་ལྡན་པར་ཡིད་ཆེས་པ་ནི་བོད་མི་སྤྱིའི་བསམ་བློའི་འབྱུང་གཞི་ཞིག་ཏུ་ཆགས་ཡོད་པ་རེད། དེ་ལྟ་བུའི་བསམ་བློས་རྟིང་སྐུལ་འོག་ཕུགས་རེ་དང་འདུན་མ། བདེ་སྐྱིད་བཅས་ཡོད་ཚད་ཀྱི་ཡོད་ཚད་རྒྱང་རིང་ལྒོག་གྱུར་གྱི་ཡུལ་ཞིག་ལ་བཅོས་ཏེ་རེ་བས་བརྩོན་ལེན་བྱེད་ཅིང་། གནས་དེར་བགྲོད་པའི་ལམ་གྲོགས་དམ་པ་ནི་དམ་པའི་ལྷ་ཆོས་བསྒྲུབ་རྒྱུ་ལས་གཞན་གང་ཡང་མ་མཆིས་པས་ན། 《གཙུག་གཡུ》ཡི་རྩོམ་པ་པོས་ཀྱང་དེ་ལྟ་བུའི་བསམ་བློའི་བག་ཆགས་འབྲི་བས་ཐོག་དྲངས་པ་སྟེ། ཨ་ཕ་ཕུན་ཚོགས་ཀྱིས་རང་གི་བཟའ་ཟླ་འདས་ཁའི་ཁ་ཆེམས་བསྒྲུབ་ཆེད་རང་གི་འཚོ་རྟེན་ཕྲན་ཡོད་རྣམས་བློས་བཏང་ཞིང་། རིན་ཐང་བྲལ་བའི་གཙུག་གཡུ་དེ་ལྷ་སའི་ཇོ་བོའི་སྐུ་མདུན་དུ་འབུལ་ཕྱིར་ནད་ཀྱིས་མནར་བཞིན་དུ་བཤུལ་རིང་ལམ་གྱི་ངལ་བ་བཟོད་པར་བྱས་ནས་ཕ་བུ་གཉིས་ལྷ་སའི་ཉེ་འགྲམ་དུ་འབྱོར་ཏེ་གུང་ཐང་ལྷ་མོ་སོགས་ལ་འདོད་དོན་འགྲུབ་པའི་འཕྲིན་བཅོལ་ཞུས་པ་དང་། ཕྱི་ཉིན་ལྷ་སའི་ཇོ་བོའི་མདུན་དུ་སླེབས་ནས་དད་གུས་ཆེན་པོས་གཙུག་གཡུ་འབུལ་བའི་ལམ་ཞུས་ཏེ་ཚེ་རོགས་ཞལ་ཆེམས་འགྲུབ་པར་བྱས། ཡིན་ནའང་བྱམས་དང་སྙིང་རྗེའི་སྨོན་ལམ་ལོ་ངོ་སྟོང་ཕྲག་གཅིག་གི་རིང་བཏབ་པའི་ལྷ་སའི་གླིང་འདིར་ཨ་ཕ་ཕུམ་ཚོགས་རྐང་འཛུགས་སའི་ས་མེད་པ་ལྟར་གྱུར་པ་སྟེ། རྫོང་དཔོན་གྱིས་བཙིར་གནོན་མ་བཟོད་པར་ཡུལ་བྱོལ་གྱིས་ཁམས་སྡེ་དགེར་གཞིས་ཆགས་སྐབས། ཚོང་དཔོན་དགྲ་ལྷའི་སྲོག་བསྐྱབས་པ་དང་ཐོན་ཁར་དངོས་པོའི་རྫོངས་པ་བྱས་པ་སོགས་བཅོས་མིན་གྱི་རོགས་སྐྱོད་གནང་བ་དང་། ཡང་ཕུན་ཚོགས་དང་དཔའ་ལྡན་ཕ་བུ་གཉིས་གུང་ཐང་ལྷ་མོ་མཇལ་ནས་དྲག་ཆར་བྱུང་སྐབས་མི་ཚང་ཞིག་སྒོ་གཡབ་འོག་ཏུ་ཆར་བྱོལ་བྱས་པ་ན་མི་ཚང་དེའི་ཁྱིམ་འཛིན་མས་ཉམ་ཐག་ཕ་བུ་སྙིང་རྗེས་བསྐྱངས་ཚུལ་དང་། གཙུག་ལག་ཁང་དུ་ཕུན་ཚོགས་སྙིང་ནད་འཕར་ལྡང་གིས་དྲན་པ་ཐོར་ནས་འགྱེལ་བའི་ཚེ་གྲོང་ཁྱེར་ནང་གི་སེམས་བཟང་རྒན་མོ་འགའ་ཞིག་གིས་གསུར་བདུག་སོགས་ནད་ལས་གྲོལ་ཐབས་དང་ཇ་སྟེར་བ་སོགས་སྙིང་རྗེས་ཀུན་ནས་བསླངས་པའི་ཕན་གྲོགས། དཔལ་ལྡན་གཡོག་ཏུ་སྡོད་སྐབས་ཀྱི་ཁྱིམ་མཚེས་ཨ་ཕོ་བཀྲ་ཤིས་དང་བདེ་སྐྱིད་ཕ་བུས་དབུལ་བོའི་ལ་རྒྱ་བཟུང་བའི་རོགས་སྐྱོར། བུ་དཔལ་ལྡན་དང་བདེ་སྐྱིད་གཉིས་ཕན་ཚུན་ཉེན་ཁའི་གནས་ནས་སྐྱོབ་རེས་བྱས་པ་སོགས་བྲིས་ཏེ་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་བརྩི་བའི་མི་རིགས་འདིར་དད་པ་ཆེ་ཞིང་གཞན་ཕན་གྱི་ཀུན་སློང་རྣམ་དག་ཅིག་ཡོད་པའི་བྱུང་རིམ་བྲིས་པ་ལས་གསལ་སྟོན་བྱས་པ་དང་། མི་སྣ་དེ་ཚོའི་ཐུན་མོང་མ་ཡིན་པའི་གཤིས་རྒྱུད་དང་འགུལ་སྐྱོད་ཀྱི་ཐོག་ནས་ཀློག་པ་པོར་བོད་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་སེམས་ཁམས་དང་ཀུན་སྤྱོད་གསལ་ཞིང་དག་པར་བསྟན་འདུག

    ༢.མུན་ནག་སྤྱི་ཚོགས་ཀྱི་ཉེས་སྤྱོད་ལ་སུན་འབྱིན་བྱས་པ།

    རྩོམ་རིག་བརྩམས་ཆོས་ཡག་པོ་ཞིག་ཡིན་ཕྱིན། སྤྱི་ཚོགས་ཀྱི་སྲོལ་གོམས་འདྲིས་མཚོན་པར་མ་ཟད། གྲལ་རིམ་ཁག་གི་འབྲེལ་བ་དང་མི་རྣམས་ཀྱི་བསམ་བློ་སོགས་བརྗོད་པ་དང་། རྩོམ་རིག་གི་སྒྱུ་རྩལ་སྣ་ཚོགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་བདེན་དགེ་མཛེས་གསུམ་ལ་བསྔགས་པ་དང་། རྫུན་ཉེས་དམེ་གསམ་ལ་སྨད་པར་བྱེད་དེ། 《གཙུག་གཡུ》རྩོམ་པ་པོས་སྤྱི་ཚོགས་རྙིང་བའི་ནང་གི་དབང་ཤེད་དང་ཁྲིམས་ལོག་བྲིས་ཏེ་མ་རབས་དཔོན་ངན་དག་གི་ཁྲིམས་མིན་ལུགས་འགལ་གྱི་ཉེས་སྤྱོད་ལ་སུན་འབྱིན་བྱས་སྟེ། རྫོང་དཔོན་གྱིས་ཕུན་ཚོགས་བཟའ་ཟླ་གཉིས་ཀྱི་ལག་ནས་གཙུག་གཡུ་འཕྲོག་རྩིས་ཀྱིས་ཁྲིམས་མནར་མ་བཟོད་པར་ཡུལ་གྱར་དགོས་ཐུག་པའི་མནར་གཅོད་དང་། བྲན་མོར་བརྙས་བཅོས་བྱས་ཚུལ། གཡུ་ཐབས་སྣ་ཚགས་ལ་བརྟེན་ནས་བྲན་མོའི་བྲུ་གུ་འཕྲོགས་པ་དང་ས་དབང་ཆེན་མོའི་ལྷ་སྲས་འཇིགས་མེད་གྒས་པར་བསྒྱུར་པ། གཡོ་ཐབས་དེ་དག་གི་ངན་རྗེས་བསུབ་ཕྱིར་སྨན་ལོག་བཏང་ནས་བྲན་མོ་ཕྱི་ལམ་དུ་བཏང་བ། དཔལ་ལྡན་ལ་ནག་མེད་ཉེས་འགེལ་གྱིས་ཁྲིམས་ལ་སྦྱར་བ་དང་ལྐོག་གསོད་གཏོང་རྩིས་བྱས་པ། བཀའ་ཁྲིམས་དང་རྒྱུ་དངོས་བརྗེ་བ་སོགས་སྤྱི་ཚོགས་རྙིང་བའི་དཔོན་རིགས་མང་པོའི་སྤྱོད་ཚུལ་དང་། བུ་མོ་བདེ་སྐྱིད་ཁྲོམ་སྲང་ནས་བོད་དམག་གིས་རྡུང་དྲུད་བྱས་ཚུལ་སོགས་སྣེ་མང་རྙོག་འཛིང་གི་གནས་ཚུལ་བཀོད་དེ་སྐབས་དེའི་དཔོན་རིགས་མང་པོའི་ཚུལ་མིན་གྱི་སྤྱོད་ཚུལ་དང་། དམག་མིའི་སྤྱོད་ཚུལ། རིམ་གྲས་ཁག་བར་གྱི་འབྲེལ་བ། ངལ་རྩོམ་མི་དམངས་ཀྱི་ཡ་ང་བའི་སྤྱི་ཚོགས་ཀྱི་གནས་བབ་བཅས་རྐྱེན་དང་སྦྲེལ་ནས་འཚོ་ཉམས་ལྡན་པར་བཀོད་པ་དེས་ཀློག་པ་པོའི་ཡིད་ནི་དབང་མེད་དུ་བསྒུལ་ནས། སྐབས་རེར་ཁོང་ཁྲོ་འབར་ནས་མིག་རྩ་དམར་པོར་འགྱུར་བ་དང་། སྐབས་རེར་ཡ་ང་ནས་མིག་ཆུ་ནར་ནར་དུ་འབབ་པ་ཞིག་ཡོང་གི་འདུག་པ་དེའི་ཐོག་ནས་རྩོམ་པ་པོའི་རྩོམ་རྩལ་གསལ་བར་མངོན་ནོ། །ལྷག་དོན་ལེའུ་དྲུག་པར། རྫོང་དཔོན་དེས་བྲན་མོའི་བྱིས་པ་ལྷ་སྲས་རྫིན་མར་བསྒྱུར་རྒྱུར་དམིགས་ཏེ་དམར་འབྱར་འཕྲོག་སེམས་ཀྱི་བསླུ་བྲིས་བྲེད་སྐབས་མ་གཡུ་སྒྲོན་གྱི་ཚིག་ལན་དུ། གཅིག་ནས་དཔོན་པོའི་ལས་ཀ་གང་བསྐུལ་འཐུས་ཚང་མི་ཚང་འགྲུབ་པའི་དངངས་སྐྲག་དང་། གཉིས་ནས་འགྲོ་བློས་མི་བཟོད་པར་དཔོན་པོའི་བཀའ་བཀྱོན་དང་ཕྲུ་གུས་མ་འབོད་ཀྱི་ངུ་སྒྲ་གཉིས་བསྡེབས་ནས་ཉིན་མཚན་ཀུན་ཏུ་སྡུག་བསྔལ་གྱི་འོབས་སུ་ཚུད་རྒྱུའི་མཐའ་འབྲས་ཞེས་སོགས་ཡ་ང་བའི་དངོས་དོན་དེ་ལྟ་ཇི་མ་ཇི་བཞིན་འབྲི་ཇུབ་པ་ནི་རྩོམ་མཁན་གྱི་རྩོམ་རྩལ་ལས་གཞན། སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཧ་ཅང་ཕྱུག་པའང་ཤེས་ཐུབ།

    ༣.རིག་གནས་གོམས་སྲོལ་ཕུན་སུམ་ཚོགས་པ།

    སྒྱུ་རྩལ་ཕལ་མོ་ཆེ་བ་ནི་གནས་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དང་རྩོམ་པ་པ་པོའི་བསམ་བློ་མཚོན་པའི་མེ་ལོང་ཞིག་རེད། དེས་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་སཔའ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་ཀྱི་ཡུལ་སྲོལ་གོམས་འདྲིས། ཤུལ་བཞག་རིག་དངོས། དམངས་ཁྲོད་རིག་གནས་དང་ལུས་རྩལ་འགྲམ་ཚོགས་བཅས་མཚོན་པར་བྱེད་དེ། 《གཙུག་གཡུ》རྩོམ་པ་པོས་སྤྱི་ཚོགས་འཚོ་བའི་མཛེས་རིས་གསལ་བོར་བྲིས་པ་སྟེ། ས་དབང་ཆེན་མོའི་གཟོམ་ཤག་གི་གསོལ་ཚིགས་སྐབས་མཐོང་བའི་གཟོམ་ཤག་དེའི་རྒྱལ་སྒོ་ཆེན་མོའི་གཡས་གཡོན་གྱི་འདོགས་ཁྱིའི་རྫིག་ཉམས་ནས་བཟུང་གཟོམ་ཁང་ཐོག་ཤོད་བར་གསུམ་དང་། ཁོར་ཡུག་གི་ཤིང་སྣ་མེ་ཏོག་ལ་སོགས་ངོ་མཚར་གྱི་བཀོད་པ་ཞིབ་ཕྲ་དང་། སྐུ་མགྲོན་མཐོ་འབྲིང་མི་སྣ་སོ་སོའི་རྒྱུན་གོས་གཟབ་འཕྱོར་གྱི་སྐོར། བལ་བོ་དང་ཁ་ཆེ་སོགས་ཕྱིའི་མི་སྣ། ཚོང་བ་དང་མི་དྲག་རྣམས་ལ་གནས་བབ་དང་འཚམས་པའི་ངོ་མ་དང་ཕྱག་མགྲོན་སོགས་ཀྱི་བསུ་བ་ཞུ་བསི་གོ་རིམ་དང་ཕན་ཚུན་གུས་འདུད་ཞུ་ཚུལ། འཁྲི་ཁུངས་སོ་སོའི་སྣེ་ལེན་ཞུ་བའི་ཡོ་བྱད་འདྲེན་པ་སོགས་ཀྱི་འགྲོ་འོང་། སྐབས་བསྟུས་ཉིན་གུང་གི་གསོལ་ཚིགས་བོད་ཟས་འབུལ་གཤིམ། ཕྱག་མགྲོན་སོགས་སྣེ་མོ་བ་རྣམས་ཀྱིས་གསོལ་ཚིགས་མཉེས་བཞེས་ཞུ་སྐུལ་སོགས་ཀྱི་ལམ་ལུགས། གླུ་གཞས་ཚོགས་པས་སྙན་འཇེབས་རོལ་མོའི་བྱེ་བྲག་འཁྲོལ་ཞིང་། ནང་མའི་ཞབས་གཞས་འབུལ་བ་ལ་སོགས་དང་། ལྷ་ལྡན་སྨོན་ལམ་ཆེན་མོའི་གཏོར་རྒྱག་གི་མཇུག་ཏུ་ལོ་ལྟར་འཚོགས་པའི་རྫོང་རྒྱབ་ཞར་འཕེལ་གྱི་ཉིན་མོར་ལོ་གཅིག་གི་གླིང་ཀའི་སྤྲོ་སྐྱིད་ཀྱི་འགོ་མ་འཆར་བས། ལྷ་སའི་གྲོང་མི་རྣམས་རང་རང་འཁོས་འབྱོར་ལ་གཞིགས་པའི་རྒྱན་གོས་གཟབ་འཕྱོར་སྤྲོས་ཤོང་། གདན་གུན་དང་བཟའ་བཅའི་རིགས་དང་ཆང་ལ་སོགས་ཁྱེར་ནས་ལྷ་ཀླུའི་དགའ་ཚལ་གྱི་ཕྱོགས་སུ་བར་མ་ཆད་པར་སྐྱོད་པ་དང་། སྐབས་དེའི་མི་རྣམས་ཀྱི་ཆས་གོས་ཇི་ལྟར་སྤྲས་ཚུལ། ཡུལ་ལྗོངས་ཀྱི་བཀོད་པ། སྒར་གུར་སྒྲིག་སྟངས། བཀའ་ཤག་ས་དབང་རྣམ་པ་དང་། མི་ཚོགས་འདུ་ལོང་། རྒྱུག་འཕེལ་རྩལ་འགྲན་རྟ་བ་དཔུང་ཚོགས་ཀྱི་གཙོར་གྱུར་ཡ་སོར་ཁྲི་བ་གཉིས། སྒེར་བ་ཁག་གི་རྩལ་འགྲན་རྟ་བའི་གྲངས་རྩིས་བཤེར་སྒྲོག་སྦྱོང་གི་བཀའ་བསྒུགས་བསྒྱུར་བྱེད་སྟངས། འཕོང་རྒྱུགས་སོགས་ཀྱི་དྲག་རྩལ་འགྲན་པའི་གཟིགས་འབུལ། ལྟད་མོ་བ་རྣམས་རྒྱུག་རྩལ་དང་འཕེན་རྩལ་ལ་ཧ་ལས་ནས་བསྟོན་བསྔགས་དར་དིར་སྒྲོག་པའི་ཚུལ། འཕོང་རྩལ་སྐྱེད་པ་རྣམས་ལ་གཟིགས་གཟོས་གནང་བ་སོགས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་དུ་བཀོད་པ་དེས་སྒྲུང་གི་འབྱུང་རྐྱེན་འཕེལ་རིམ་གྱི་ཞར་དུ་སྐབས་དེའི་སྤྱི་ཚོགས་ཀྱི་གོམས་སྲོལ་དང་། དཔོན་རིགས་ཚོའི་འཚོ་བའི་སྐྱེལ་སྟངས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། དམངས་ཁྲོད་ཀྱི་འགུལ་སྐྱོད་སྣ་ཚོགས་བཅས་གསལ་རྟོགས་ཐུབ་པའི་དགེ་མཚན་ལྡན་འདུག

    ༤.རྗོད་ཚིག་སྤྱི་སྐད་ལ་གཞོལ་བ།

    སྒྲུང་གཏམ་གྱི་མིན་ཁྱད་ཆོས་ཀྱི་དབང་གིས་རྒྱུན་པར་ཡུལ་སྐད་དང་ལུང་བའི་སྐད་བཀོད་ཏེ་ཚད་དང་མི་ལྡན་པའི་ཚིག་སྦྱོར་འབྱུང་གིན་ཡོད་མོད། འོན་ཀྱང《གཙུག་གཡུ》ནང་གི་སྐད་ཆ་ཕལ་ཆེ་བ་མདོ་དབུས་ཁམས་གསུམ་སྤྱི་ཡོངས་ཀྱིས་གོ་བའི་བརྡ་སྲོལ་མ་ཉམས་པར་བྲིས་ཤིང་གཞན་ཚིག་སོགས་འགའ་ན་དབུས་སྐད་ལ་སོགས་ཡོད་ཀྱང་གཞན་གྱིས་མི་གོ་བ་མེད་ལ་སྙན་ཆ་དོད་པ། ཀ་བཤད་དང་བཏང་ཡིག གཞན་ཚིག་ཁག་སོགས་ནི་སྒྲ་དོན་ཚིག་རྒྱན་སྣ་ཚོགས་ཀྱིས་ཕྱུག་ཅིང་དགའ་སྐྱོ་བདེ་སྡུག་གི་ཉམས་ཤིན་ཏུ་ཐོན་པས་སྙན་ངག་པ་རྣམས་ལའང་ཡིད་ཀྱི་མཛའ་གཅུགས་ལྟ་བུར་གྱུར། །

    མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས་པའི《ནགས་ཀློང་ཁུ་བྱུག་འདུ་གནས》ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།